སྨན་བཅོས་དང་གཅིག་ཁར་ ལྟ་རྟོག་ཡང་ཁག་ཆེ་ནི།

༉ ད་རེས་ནངས་པར་ ཁྲིམས་སྲུང་འགག་སྡེ་དང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ལུ་ གདོང་ལེན་སྦོམ་ཤོས་ར་ སྨྱོ་རྫས་ནག་ཚོང་དང་ སྐྱེལ་སྤྱོད་འབད་མི་ཚུ་ དམ་འཛིན་འབད་མ་ཚུགས་མི་དེ་ཨིན་མས།

མ་གཞི་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་(འཕྲི་སྣོན)ཀྱི་ བཅའ་ཁྲིམས་༢༠༡༧ ཅན་མ་དང་འཁྲིལ་བ་ཅིན་ སྨྱོ་རྫས་ནག་ཚོང་དང་ སྐྱེལ་སྤྱོད་འབད་མི་ཚུ་ལུ་ ཉེས་ཁྲིམས་དམ་སྒྲིང་ཡོད་རུང་ ཉེས་ལས་འཐབ་མི་དེ་ ཉིན་བསྟར་བཞིན་དུ་ ཡར་འཕར་འགྱོ་བའི་ མངོན་གསལ་བྱུངམ་མས།

དཔེར་ན་ དུས་ཅི་ སྤྱི་ཟླ་༡ པ་ལས་ ཟླ་༤ པའི་ཚེས་༡༣ ཚུན་ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་སྡེ་གིས་ སྨྱོ་རྫས་དང་འབྲེལ་བའི་ ཉེས་ལས་ནང་ འབྲེལ་གཏོགས་འབད་མི་ དོགས་ཅན་༡༣༢ འཛིན་བཟུང་འབད་མི་དེ་ འདས་པའི་ལོ་ཚུ་གི་རིང་ལུ་ གྱངས་ཁ་མཐོ་ཤོས་ཅིག་ཨིནམ་ད་ དོགས་ཅན་༡༣༢ ཀྱི་གྲས་ལས་༩༩ འཆང་སྤྱོད་འབད་མི་དང་༣༣ ནག་ཚོང་འཐབ་མི་ཨིན་མས།

མ་གཞི་ འབྲེལ་ཡོད་དབང་འཛིན་ཚུ་གིས་ སྨྱོ་རྫས་ཀྱི་རིགས་ ནག་ཚོང་འཐབ་མི་དང་ འཆང་སྤྱོད་འབད་མི་ བཀག་འཛིན་དང་ མར་ཕབ་འབད་ཐབས་ལུ་ ལྟ་རྟོག་དང་ ཞིབ་དཔྱད་དམ་དམ་འབད་བཞིན་དུ་ཡོད་རུང་ སྨྱོ་རྫས་འཆང་སྤྱོད་འབད་མི་ ཡར་འཕར་འགྱོཝ་ད་ འདི་དང་བསྟུན་པའི་ ནག་ཚོང་འཐབ་མི་ཡང་ མངམ་ཐོན་མི་ལུ་བརྟེན་ བཀག་འཛིན་འབད་ནི་ལུ་ ལཱ་ཁག་ཡོདཔ་ལས་ བྱ་ཐབས་རྡུགས་ར་རྡུགས་སོ་ནུག།

འདི་འབདཝ་ལས་ སྨྱོ་རྫས་དང་འབྲེལ་བའི་ བཙོན་ཁྲིམས་ཕོག་མི་ཚུ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ བཙོན་ཁང་ཚུ་ལུ་ ཨུ་ཚུགས་སྦོམ་བྱུང་སྟེ་ཡོད་པའི་ཁར་ རྒྱལ་ཁམས་ལུ་ཡང་ སྐུ་གྱོང་སྦོམ་བཀལ་མི་ལུ་བརྟེན་ ད་རེས་ནངས་པར་ ཁྲིམས་སྲུང་འགག་སྡེ་གིས་ སྨྱོ་རྫས་འཆང་སྤྱོད་འབད་མི་ཚུ་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་མ་བཀལ་བར་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ལུ་ སྨན་བཅོས་དང་ མི་ཚེ་བསྐྱར་གསོ་འབད་ནི་གི་ འགན་ཁུར་བཀལ་མི་དེ་ ཐབས་ལམ་ཡང་དག་ཅིག་ཨིན་མས།

ཐབས་ལམ་དེ་གི་ཐོག་ལས་ ན་ཧིང་ ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་ སྨྱོ་རྫས་འཆང་སྤྱོད་འབད་མི་༥༠༠ ལྷགཔ་ཅིག་ འཛིན་བཟུང་འབད་མི་ཚུ་ ངེས་པར་དུ་ སྨན་བཅོས་དང་ མི་ཚེ་བསྐྱར་གསོ་འབད་ཐབས་ལུ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ལུ་ རྩིས་སྤྲོད་ནུག།

དེ་བཟུམ་སྨན་བཅོས་འབད་བར་བཏང་མི་ མི་གྲངས་༥༠༠ ལས་༣༦༦ ན་ལོན་དང་༡༢༢ སྐྱེས་ལོ་༡༨ མན་ཆད་འབད་མི་ཚུ་ཨིན་མས།

ཐབས་ལམ་དེ་གིས་ སྨྱོ་རྫས་སྤྱོད་མི་ཚུ་ བཙོན་ཁང་ནང་ སྡོད་མ་དགོ་པའི་ ཁེ་ཕན་ཡོད་མི་གིས་མ་དོ་བར་ འབྲེལ་ཡོད་དབང་འཛིན་གྱི་ ལམ་སྟོན་ཐོག་ལུ་ སྨན་བཅོས་འབད་དེ་ མི་ཚེ་ལེགས་ལམ་ལུ་ ཞུགས་བཅུག་ནི་ཨིནམ་མ་ཚད་ རྒྱལ་ཁབ་ནང་འཁོད་ཀྱི་ བཙོན་ཁང་ཚུ་ནང་ བཙོན་པ་ཚུ་ མ་ཤོང་པའི་ གདོང་ལེན་བྱུང་སྟེ་ཡོད་པའི་ ནམ་དུས་ལུ་ རྒྱལ་ཁམས་ཀྱིས་ ཟད་འགྲོ་འབོར་ཆེ་ཏོག་ཏོ་ བཏང་མ་དགོ་པའི་ ཕན་ཐོགས་འབྱུང་ནི་ཨིན་མས།

འབྲུག་སྨྱོ་རྫས་དམ་འཛིན་དབང་འཛིན་གྱིས་ཡང་ སྨྱོ་རྫས་འཆང་སྤྱོད་འབད་མི་དང་ ལང་ཤོར་ཐལ་མི་ཚུ་གི་ གནས་སྟངས་དང དཀའ་ངལ་ཚབས་ཆེན་དང་འཁྲིལ་ ལམ་སྟོན་དང་ སྨན་བཅོས་ཚུ་ འབད་བྱིན་དོ་ཡོདཔ་ད་ དེ་ཡང་ ལས་རིམ་ཁག་༢ བཟོ་ཐོག་ལས་ སྨན་བཅོས་འབད་མིའི་གྲས་ལས་༡ སྨྱོ་རྫས་ལག་ལེན་ནང་ ལང་ཤོར་ཐལ་མི་ཚུ་ ལམ་བཟང་ལྟེ་བའི་ནང་སྡོད་དེ་ སྨན་བཅོས་དང་ ལས་རིམ་༢ པ་དེ་ ཕྱི་སྡོད་ཐོག་ སྨན་བཅོས་འབད་བའི་སྐབས་ ངོ་རྐྱང་ཚུ་ལུ་ བསླབ་སྟོན་འབདཝ་ཨིན་མས།

དེ་བཟུམ་མའི་ སྨན་བཅོས་དང་ བསླབ་སྟོན་བྱིན་དགོཔ་དེ་ གལ་ཆེ་མི་དེ་ཡང་ སྨྱོ་རྫས་སྤྱོད་མི་ ལ་ལོ་ཅིག་ ལོ་ན་མ་སྨིན་མི་ཚུ་ཡང་ཡོད་མི་ལུ་བརྟེན་ཨིན་མས།

འདི་འབདཝ་ད་ ཁྲིམས་སྲུང་འགག་སྡེའི་ཧོངས་ལས་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ལུ་བཏང་མི་ སྨྱོ་རྫས་འཆང་སྤྱོད་འབད་མི་ ལེ་ཤ་གིས་ སྨན་བཅོས་དང་ བསླབ་སྟོན་ལས་རིམ་ནང་ འོང་མ་བཏུབ་པའི་ གདོང་ལེན་བྱུང་སྟེ་ཡོད་མི་ལུ་ བལྟ་བ་ཅིན་ སྨྱོང་རྫས་འཆང་སྤྱོད་འབད་མི་ཚུ་ལས་ ངོས་ལེན་དང་ མཉམ་འབྲེལ་མེད་པའི་སྐྱོན་ཨིན་མས།

སྨྱོ་རྫས་སྤྱོད་མི་ཚུ་ལུ་ སྨན་བཅོས་འབད་དེ་ མི་ཚེ་མཐར་འཁྱོལ་ཅན་ བཟོ་དགོ་པ་ཅིན་ ཁྲིམས་སྲུང་འགག་སྡེ་ལས་བཏང་མི་ ཆ་མཉམ་ར་ ལམ་བཟང་ལྟེ་བ་ནང་ གཏང་དགོཔ་མ་ཚད་ དེ་ནང་སྡོད་རིང་ དུས་རྒྱུན་དུ་ ལྟ་རྟོག་འབད་དགོཔ་ཡང་གལ་ཆེ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *