སྨན་ཆུ་སྒང་ལུ་ བཟོ་སྐྲུན་འབད་མི་ ཚོང་ཁང་ཚུ།

སྨན་ཆུ་སྒང་གི་ ཚོང་པ་ཚུ་གིས་ རང་སོའི་ཚོང་ཁང་ཚུ་ བཟོ་སྐྲུན་འབད་དོ་ཡོདཔ།

༉ མོང་སྒར་ས་གླིང་རྒེད་འོག་ སྨན་ཆུ་སྒང་ལུ་ ཚོང་བཙོང་སྡོད་མི་ཚུ་གིས་ འུར་བྱེལ་འཐབ་སྟེ་ རང་སོའི་ཚོང་ཁང་ཚུ་ བཟོ་སྐྲུན་འབད་དོ་ཡོད་མི་དེ་ཡང་ རྫོང་ཁག་ལས་ ད་རེས་ཀྱི་ཟླཝ་ནང་ སྦ་སྒོར་ཚུ་ བརྡལ་གཏང་དགོ་པའི་ ཡིག་ཚང་བཀའ་རྒྱ་ ལྷོད་ནི་དེ་གིས་ཨིན་པས།
དེ་ཡང་ རྒེད་འོག་ལས་ ཀི་ལོ་མི་ཏར་༣ དེ་ཅིག་ལུ་ཆགས་ཡོད་མི་ སྨན་ཆུ་སྒང་དང་ ཐིམ་ཕུག་དང་ བཀྲིས་སྒང་གཞུང་ལམ་གྱི་ཟུར་ཁར་ ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་གི་རིང་ ཚོང་བཙོང་སྟེ་སྡོད་མི་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སའི་སྐྱིད་སྡུག་ གནང་ཡོདཔ་ཨིན་པས།
ས་ཆ་ཌིས་༧.༣ རེ་འབད་མི་ སའི་སྐྱིད་སྡུག་དེ་ གཏན་འཇགས་སྦེ་ ཚོང་བཙོང་སྡོད་མི་ གུང་པ་༦ ལུ་གནང་པའི་ཤུལ་ རྫོང་ ཁག་བདག་སྐྱོང་གིས་ ཁྱིམ་གྱི་བཟོ་བཀོད་ཚུ་དང་འཁྲིལ་ བཟོ་སྐྲུན་འབད་ནི་དང་ རྩིག་ཁྱིམ་གྱི་ བཟོ་བཀོད་ཚུ་གནང་སྟེ་ ལོ་ལང་ནི་འབད་རུང་ མངའ་སྡེ་ནགས་ཚལ་ལས་ སྐྱིད་སྡུག་གི་ཤིང་ཆས་ འཐོབ་མ་ཚུགས་མི་ལུ་བརྟེན་ ཐོག་ལུས་ནུག།
ལོ་༡༥ འི་རིང་ ཚོང་རྐྱབ་སྡོད་མི་ བསོད་ནམས་ཡེ་ཤེས་ཀྱིས་ སླབ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཕར་ ཚུར་བྱོན་པའི་སྐབས་ བསུ་བ་ཞུ་མི་ ཚོང་པ་ཚུ་གི་ གནས་སྟངས་ཚུ་ གཟིགས་ཞིབ་གནང་པའི་ཤུལ་ སའི་སྐྱིད་སྡུག་གནང་ནི་ ཨིན་མི་དེ་ ཚོང་རྒྱ་སྐྱེད་འབད་དེ་ མི་སེར་ལུ་ ཞབས་ཏོག་ཞུ་ནི་དང་ རང་མགོ་རང་འདྲོངས་བཟོ་ སྡོད་དགོཔ་ཨིན་ཟེར་ བཀའ་གནང་སྟེ་ཡོད་ཟེར་ཨིན་པས།
འདས་པའི་ཟླ་ངོ་༦ གི་ སྔ་གོང་ལས་ མི་དབང་རྒྱལ་ཚབ་མཆོག་གིས་ ས་སྐྱིད་སྡུག་གི་ལག་ཁྲམ་ཚུ་ གནང་ཡོདཔ་བཞིན་དུ་ ལུང་ཕྱོགས་ནགས་ཚལ་ཡིག་ཚང་དང་ མངའ་སྡེ་ནགས་ཚལ་ལས་་ སྐྱིད་སྡུག་གི་ ཤིང་མཁོ་སྒྲུབ་འབད་ནི་སྦེ་ ཡིགུ་བཙུགས་ ཡོད་རུང་ ད་ལྟོིའི་བར་ན་ཡང་ འཐོབ་མ་ཚུགས་མི་དེ་ ས་གནས་ནང་ ཁོང་རའི་ མིང་ཐོག་ལུ་ གུང་མེདཔ་ལས་ཨིན་པས།
དེ་བཟུམ་སྦེ་ ཨ་ལོ་༧ གྱི་ཨའི་ གླེ་མོ་གིས་ སླབ་མིའི་ནང་ གཞུང་ལས་ ཤིང་གི་གནང་བ་འཐོབ་འོང་ཟེར་ རེ་འདོད་བསྐྱེད་སྡོད་པའི་མཐར་ སྨན་ཆུ་སྒང་ལུ་ གུང་མེདཔ་ལས་ བྱིན་མི་ཚུགས་ཟེར་ བཀག་བཞག་མི་ལུ་བརྟེན་ ཁྱིམ་བཟོ་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ སྐྱེས་ལོ་༦༠ ལང་མི་ གླེ་པོ་གིས་ སླབ་མིའི་ནང་ ཁེངས་གཡུས་ཁ་ལས་ གུང་གསར་བཟོ་ནིའི་དོན་ལུ་ མི་རྩིས་ སྤོ་བའི་བསྒང་ཡོདཔ་ལས་ གུང་གསརཔ་མ་འཐོབ་ཀྱི་རིང་ བཟོ་སྐྲུན་འབད་མི་ཚུགས་ཟེར་ཨིནམ་ད་ དེ་ཡང་ སྐྱིན་འགྲུལ་ ཞུ་སྟེ་ ཁྱིམ་རྐྱབ་ནི་ལུ་ འཐོབ་ཁུངས་དང་ འབབ་ཁུངས་ཀྱི་ ས་གོ་གཞན་མེད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
སྐྱེས་ལོ་༣༠ ལང་མི་ ཚོང་པ་བདེ་སྐྱིད་མཚོ་མོ་གིས་ མི་རྩིས་སྤོ་སྟེ་ གུང་གསརཔ་བཏོན་ནི་ལུ་ གཡུས་ཁ་ མི་སྟོབས་ཀྱི་དཀའ་ ངལ་ཡོདཔ་ལས་ ད་རེས་ནངས་པར་ སྐྱིན་འགྲུལ་ཚུ་ ཞུ་སྟེ་ ཤིང་བཟོ་གྲྭ་ཁང་ཚུ་ལས་ མཁོ་སྒྲུབ་འབད་དོ་ཟེར་ཨིན་པས།
འདས་པའི་ལོ་༡༠ གྱི་ཧེ་མར་ བྱང་གདུང་གི་མི་སེར་དང་ ས་གླིང་གཡུས་ཚན་ ཁྲི་དྭངས་སྦིས་ དེ་ལས་ སི་ལམ་སྦིས་དང་ དགོངས་ འདུས་རྒེད་འོག་གི་ མི་སེར་ཚུ་ རྒྱུན་འགྲུལ་འཐབ་པའི་སྐབས་ ཚོང་ཉོ་མི་ མི་འབོར་ཡོདཔ་ལས་ འོང་འབབ་ཡང་ བཟོ་ཚུགས་རུང་ དེ་གི་ཤུལ་ལས་ རྒེད་འོག་དང་ གཡུས་ཚན་ཁག་ཚུ་ནང་ སོ་ནམ་ཞིང་ལམ་བཏོན་མི་གིས་ ཐོ་ཕོག་ཡི་ཟེར་ ཨིན་པས།
ལྷག་པར་དུ་ གཞུང་གིས་ གྲོང་གསེབ་ཚུ་ནང་ ཚོང་ཁང་གཞི་བཙུགས་འབད་མི་ཚུ་ལུ་ ཁྲལ་མ་ཕོགཔ་སྦེ་ གོ་སྐབས་གནང་པའི་ ཤུལ་ བཟའ་འཐུང་རིགས་དུམ་གྲ་རེ་ བཙོང་ནི་ཡོད་མི་ཚུ་ཡང་ ཉོ་མི་མེདཔ་ལས་ དཀའ་སྡུག་སྲིད་སྡོད་དགོཔ་བྱུང་ཡི་ཟེར་ ཨིན་པས།
སྐྱིད་སྡུག་ཐོབ་མི་ མི་ངོ་༦ ལས་ ད་ཚུན་ གུང་པ་༢ ཀྱིས་ ཁྱིམ་བཟོ་སྐྲུན་འབད་དེ་ཡོདཔ་ད་ གཞན་མི་ཚུ་གིས་ཡང་ རྡོ་དང་ ཅ་ཆས་ཚུ་ མཁོ་སྒྲུབ་ཡོད་རུང་ ཤིང་མེདཔ་ལས་ བསྒུགས་སྡོདཔ་ཨིན་པས།
ད་རེས་ནངས་པར་ ཚོང་ཉོ་མི་གངམ་མེད་རུང་ ངང་ལམ་དང་རྒྱལ་པོའི་ཞིང་གི་བར་ན་ གཞུང་ལམ་མཐུད་སྦྲེལ་འབད་མི་ དང་ བོང་སྡེ་མ་ལུ་ བཟོ་གྲྭྭ་འཕྲུལ་ཁང་ གངས་རི་ཧེ་ཟཱལ་ནཏ་ལས་འགུལ་དང་ བཟོ་གྲྭ་འཕྲུལ་ཁང་ དེ་ལས་ ཀུ་རི་ཆུ་ གློག་ མེ་ལས་འགུལ་ཚུ་ གཞི་བཙུགས་འབད་བའི་ཤུལ་ ཚོང་ལམ་ལེགས་ཤོམ་འགྱོ་ནི་གོ་སྐབས་ཡོདཔ་ལས་ མི་སེར་ཚུ་ སག་ལང་སྟེ་ སྡོད་སར་ མཐོངམ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *