སྨན་ཆུ་གཏོར་ནི་དང་ གླང་ལེབ་བཏབ་ནིའི་ ཅ་ཆས་བཟོ་བཀོད་འབད་ཡོདཔ།

༉ ཐིམ་ཕུག་གླང་རྒྱུག་ཕར་ཁའི་ གཞུང་ལམ་འོག་ལུ་ ཐོག་ཚད་༡ འབད་མི་ ཁྱིམ་རྙིངམ་ཅིག་ནང་ སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ལས་ ཤེས་ཚད་མཐར་འཁྱོལ་མི་ བུམོ་༢ དང་ བདེ་བ་ཐང་འཇིགས་མེད་རྣམ་རྒྱལ་འཕྲུལ་རིག་སྤེལ་ཁང་ལས་ སྦྱོང་བརྡར་མཇུག་མི་ བུམོ་༡ གིས་ ཚོར་འཕྲུལ་ལག་ལེན་འཐབ་སྟེ་ 

དེ་ཡང་ མཁལ་རྡོག་གཞི་ཚོགས་ཀྱི་ བཀོད་ཁྱབ་འགོ་དཔོན་ བཀྲིས་རྣམ་རྒྱལ་གྱིས་ འགོ་འདྲེན་འཐབ་མི་ ཐང་སྟོང་‘༨༥’ ཟེར་མི་སྡེ་ཚན་གྱིས་ ཚོར་འཕྲུལ་ཐོག་ལས་ ལགཔ་འཕུར་ཆུ་སྨན་དང་ གླང་ལེབ་ཐོན་མི་ ཅ་ཆས་༢ བཟོ་བཀོད་འབད་མི་དེ་ ཁ་ཙ་ ལྕང་ཟམ་ཏོག་ལུ་ཡོད་མི་ ཚོང་འབྲེལ་འགོ་བཙུགས་ལྟེ་བའི་ནང་ འགོ་འབྱེད་འབད་ཡོདཔ་ཨིན་པས།

སྡེ་ཚན་གྱིས་ ལས་འགུལ་འགོ་བཙུགས་ཏེ་ ཟླཝ་༧ དེ་ཅིག་ལང་ཡོདཔ་ད་ ཁ་ཙ་ ཐོན་སྐྱེད་འགོ་འབྱེད་འབད་ཚུགས་མི་དེ་ བཟོ་བཀོད་འཇམ་སམ་དང་ འབག་བཏུབ་སྦེ་ བཟོ་ཡོདཔ་ལས་ ཡིག་ཚང་དང་ རང་གི་ལཱ་འབད་སའི་ས་ཁོངས་ ག་ཏེ་ཨིན་རུང་ བཞག་དགོ་བདེ་ཏོག་ཏོ་ ཡོདཔ་ཨིན་པས།

བཀྲིས་རྣམ་རྒྱལ་གྱིས་ བཤད་མིའི་ནང་ ཅ་ཆས་དེ་ གློག་མེ་དང་ མཐུན་སྦྲེལ་འབདཝ་ད་ ཚོར་འཕྲུལ་བཙུགས་ཡོད་མི་ སྒྲོམ་གྱི་ནང་ནའི་ དམ་སྦྱིས་ནང་ ལགཔ་འཕུར་ནིའི་ཆུ་སྨན་ བླུགས་བཞག་མི་དེ་གི་སྦོ་ལོགས་ཁར་ ལགཔ་འཇརཝ་ཅིག་ རང་བཞིན་གྱིས་ འཐོན་འོངམ་ཨིན་ཟེར་བཤད་ཅི།

ལས་འགུལ་དེ་ ཐོ་བཀོད་འབད་དེ་མེད་རུང་ ཡུ་རོ་པི་ཡན་ ཡུ་ནི་འོན་དང་ ཧེལ་བེ་ཊསི་གིས་ གྲོགས་རམ་ཐོག་ལས་ འགོ་ བཙུགས་ཡོདཔ་ད་ དེ་གི་དོན་ལུ་ ཚོར་འཕྲུལ་དང་ འཕྲུལ་རིག་གི་ཅ་ཆས་ཚུ་ རྒྱ་གར་ལས་ ནང་འདྲེན་འབད་དེ་ འཕྲུལ་རིག་གི་ལཱ་ཚུ་ འཇིགས་མེད་རྣམ་རྒྱལ་འཕྲུལ་རིག་སྤེལ་ཁང་ལས་ སྦྱོང་བརྡར་འབད་མི་ བཀྲིས་སྒྲོལ་མ་གིས་ འགོ་འདྲེན་ཐོག་ལས་ བཟོ་དོ་ཡོདཔ་ཨིན་པས།

སྐྱེས་ལོ་༢༣ ལང་མི་གིས་ བཤད་མིའི་ནང་ མོ་གིས་ སྤེལ་ཁང་ནང་ ལས་འགུལ་ཚུ་ཡང་ དེ་བཟུམ་མའི་ ལཱ་ཚུ་ནང་འབད་ཡོདཔ་ལས་ སྤྲོ་བ་བྱུང་ཡི་ཟེར་ཨིན་པས།

སྒྲོམ་གྱི་ནང་ན་ཡོད་མི་ དམ་སྦྱིས་དེ་ཡང་ སྤྱིར་བཏང་ཆུ་གི་དམ་སྦྱིས་ཚུ་ ཕྱགས་སྙིགས་བསྡུ་ལེན་འབད་ས་ལས་ ཉོ་འབག་སྟེ་ ཆུ་འཁྱུ་སྟེ་ དམ་སྦྱིས་དེ་ ཚོར་འཕྲུལ་དང་ མཐུད་སྦྲེལ་འབད་ཡོདཔ་ཨིན་པས།

སྡེ་ཚན་གྱིས་ ད་ལྟོའི་ ལས་འགུལ་ཐོག་ལས་ ངོས་འཛིན་འབད་མི་ ས་ཁོངས་དང་ ལྟེ་བ་ཚུ་ནང་ ཆ་ཆས་༥༠ བཀྲམ་སྤེལ་ འབད་ནི་ཨིནམ་ད་ འགོ་འབྱེད་འབད་བའི་ཤུལ་ལས་ ཚོང་འབྲེལ་ཡང་ འགོ་བཙུགས་ནི་ཨིན་པས།

བཀྲིས་རྣམ་རྒྱལ་གྱིས་ བཤད་མིའི་ནང་ རྒྱ་གར་ལས་ ཚོར་འཕྲུལ་དང་ གཞན་འཕྲུལ་ཆས་ཚུ་ ཉོ་བའི་སྐབས་ ཟད་འགྲོ་གནས་མི་དང་ བཟོ་བཀོད་དང་གཞན་ལཱ་ཚུ་གི་ ཟད་འགྲོ་ཚུ་རྩིས་རྐྱབ་ད་ ཆུ་སྨན་འཐོན་མི་རེ་ལུ་ ནང་ན་ཆུ་སྨན་བླུགས་ཏེ་མེད་པ་ཅིན་ དངུལ་ཀྲམ་༡,༧༠༠ དང་ ཆུ་སྨན་བླུགས་པ་ཅིན་ དངུལ་ཀྲམ་༢,༠༠༠ རེ་སྦེ་ གོང་ཚད་བཀོད་དེ་ཡོད་ཟེར་ཨིན་པས།

སྡེ་ཚན་གྱིས་ གློག་བརྙན་གྱི་ འཁྲབ་རྩེདཔ་ཚུ་དང་གཅིག་ཁར་ཡང་ འབྲེལ་བ་བཟོ་སྟེ་ ཚོང་བསྒྲགས་འབད་ནི་ཨིནམ་ད་ མི་སྡེ་བརྡ་བརྒྱུད་ཚུ་ནང་ཡང་ ཚོང་བསྒྲགས་འབད་འོང་ཟེར་ཨིན་པས།

སྡེ་ཚན་གྱིས་ མ་འོངས་པའི་དོན་ལུ་ གྲོང་གསེབ་ནང་ལས་ཕར་ མེ་རླུང་རྒྱ་རྫ་གི་ ཚོང་འབྲེལ་འགོ་བཙུགས་ནི་དང་ སྐད་སྒྱུར་གྱི་ལཱ་ཚུ་ཡང་ འབད་དོ་ཡོདཔ་ད་ འགྲོས་ཀྱིས་སྦེ་ དཔེ་དེབ་ཚུ་ཡང་ བཟོ་ནིའི་དམིགས་འཆར་ཡོདཔ་ཨིན་པས།

བཀྲིས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཁྲོམ་ཁ་ལས་ཕར་ ནད་ཡམས་ལུ་བརྟེན་ ལགཔ་འཕུར་ཆུ་སྨན་དང་ འབུབ་བསད་ཆུ་སྨན་ཚུ་ གཏོར་ནིའི་དོན་ལུ་ ལཱ་ཁག་སྦེ་ གླང་ལེབ་ཚུ་ དཔྱངས་ཏེ་བཞག་དོ་ཡོད་པའི་ཁར་ འབུབ་བསད་སྨན་ཡང་ ལགཔ་གིས་སྦེ་ བླུགས་དགོ་མི་དེ་ སྡེ་ཚན་གྱིས་བཟོ་མི་ཚུ་ ལག་ལེན་འཐབ་པ་ཅིན་ འཇམ་ཏོང་ཏོ་དང་ སྟབས་བདེ་ཏོག་ཏོ་ཡོད་ཟེར་ ཨིན་པས།

སྡེ་ཚན་གྱིས་ སློབ་གྲྭ་དང་ ཆོས་སྡེ་ཁག་ཚུ་ནང་ལས་ཕར་ ཚོང་འབྲེལ་འཐབ་ནིའི་ དམིགས་གཏད་ཡོདཔ་ད་ མ་དངུལ་གྱི་ གྲོགས་རམ་འབད་མི་ ཧེལ་བི་ཊཱསི་གིས་ འགོ་འབྱེད་འབདཝ་དང་འབྲེལ་ ཆ་ཆས་༢ ཉོ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *