༉ བསམ་གྲུབ་ལྗོངས་མཁར་ སྒོམ་དར་རྒེད་འོག་གི་ གཞི་རྟེན་སྨན་ཁང་དེ་ སྡེ་རིམ་༡ པའི་ སྨན་ཁང་ལུ་ རྒྱ་སྐྱེད་འབད་དེ་ ལོ་༤ དེ་ཅིག་ལང་རུང་ ད་ལྟོའི་བར་ན་ཡང་ སྨན་ཁང་དེ་ནང་ ཌོག་ཊར་ཕུད་རྡོག་༡ ཡང་མེད་པའི་ དཀའ་ངལ་ཡོདཔ་ཨིན་པས།
སྐྱེས་ལོ་༤༥ ལང་མི་ ཚེ་རིང་སྒྲོལ་མ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཚན་ཚུ་ནང་ འཁོར་ལམ་ལ་སོགས་པ་མེད་པའི་ དཀའ་ངལ་ཡོད་ཟེར་ཨིན་རུང་ ཁོང་ལུ་ ཐད་ཁར་དུ་ ཁག་ཆེ་མི་དེ་ གསོ་བའི་ཞབས་ཏོག་དེ་ཨིནམ་ལས་ ད་རེས་ གཞི་རྟེན་སྨན་ཁང་ སྡེ་རིམ་༡ པའི་ནང་ ཌོག་ཊར་༡ མིན་འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་ལྟོ་ཚུན་གྱི་བར་ན་ སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ གསོ་བའི་ཞབས་ཏོག་ཚུ་ འཐུས་ཤོར་མེད་པར་ བྱིན་དོ་ཡོདཔ་ཨིན་རུང་ སྨན་ཁང་ནང་ ཌོག་ཊར་ཡོད་མི་དང་ མེད་མིའི་བར་ན་ ཁྱད་པར་ཡོདཔ་ལས་ གསོ་བའི་ལྷན་ཁག་ལ་སོགས་པའི་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཌོག་ཊར་༡ གཏང་ཚུགས་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
འདས་པའི་ཟླཝ་ནང་ སྒོམ་དར་རྒེད་འོག་གི་ སྤྱིར་སྙོམས་འཛོམས་འདུའི་ནང་འོང་མི་ སྒོམ་དར་ལས་ སྐྱེས་ལོ་༣༨ ལང་མི་ སྐལ་བཟང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཌོག་ཊར་མེད་ནི་དེ་གིས་ སྨན་བཅོས་སྦོམ་གྱི་རིགས་ཚུ་ འབད་མི་ཚུགས་དོ་ཡོདཔ་ལས་ བདེ་བ་ཐང་དང་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ཚུ་ནང་ བཏང་པའི་སྐབས་ མི་ཚུ་ལུ་ ཟད་འགྲོའི་དཀའ་ངལ་འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ འཛོམས་འདུ་ནང་ སྲིད་དོན་ཚོགས་པ་༤ གི་ འདེམས་ངོ་ག་ར་གིས་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཡར་དྲག་གཏང་ནི་དང་ ཌོག་ཊར་ཚུ་ ལངམ་སྦེ་གཏང་ནིའི་ ཁས་བླངས་དོ་ཡོདཔ་ལས་ ཁོང་གིས་ ཁས་བླངས་འབད་དོ་བཟུམ་སྦེ་ འབད་ཚུགས་པ་ཅིན་ མི་སེར་ག་ར་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
གཡུས་མི་གཞན་མི་ཚུ་གིས་ སླབ་མིའི་ནང་ ཌོག་ཊར་གྱི་དོན་ལུ་ སྡོད་ཁྱིམ་ཚུ་ཡང་ རྐྱབ་ཚར་ནུག་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ སྡེ་རིམ་༡ པའི་ སྨན་ཁང་ག་ར་ནང་ ཌོག་ཊར་རེ་ཡོདཔ་བཞིན་དུ་ སྒོམ་དར་གཞི་རྟེན་སྨན་ཁང་དེ་ སྡེ་རིམ་༡ པའི་སྨན་ཁང་ལུ་ རྒྱ་སྐྱེད་འབད་དེ་ ལོ་༤ དེ་ཅིག་ལང་རུང་ ཌོག་ཊར་༡ ཡང་ མ་ལྷོད་མི་དེ་ ཧ་གོ་མ་ཚུགས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ མི་ཚུ་ཤུགས་སྦེ་ན་སྟེ་ སྨན་ཁང་ནང་འགྱོ་བའི་སྐབས་ འགོ་དཔོན་ཚུ་གིས་ ཌོག་ཊར་མེད་ཟེར་སླབ་སྟེ་ བདེ་བ་ཐང་དང་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ཚུ་ནང་ བཏང་པའི་སྐབས་ སྣུམ་འཁོར་དང་ ཟད་འགྲོའི་དཀའ་ངལ་ བྱུང་དོ་ཡོདཔ་ལས་ ཐད་ཀད་དུ་ ཌོག་ཊར་༡ གཏང་ཐབས་ཡོད་པ་ཅིན་ སྒོམ་དར་རྐྱངམ་གཅིག་མེན་པར་ ཝང་ཕུག་རྒེད་འོག་གི་ མི་ཚུ་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
རྒྱལ་ཁབ་ནང་གི་ སྡེ་རིམ་༡ པའི་ནང་ སྨན་ཁང་མང་ཤོས་ཅིག་ནང་ གློག་པར་བཏབ་ནི་དང་ ཨཱལ་ཊ་སའུནཌ་ལ་སོགས་པའི་ ཞབས་ཏོག་ཚུ་ཡོད་རུང་ སྒོམ་དར་གྱི་ གཞི་རྟེན་སྨན་ཁང་སྡེ་རིམ་༡ པའི་ནང་ ད་ལྟོ་ ཞབས་ཏོག་དེ་ཚུ་ཡང་ མེདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ གསོ་བའི་འགོ་དཔོན་ པདྨ་ཚེ་དབང་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༤ དེ་ཅིག་ཁར་ སྡེ་རིམ་༡ པའི་ སྨན་ཁང་ལུ་ རྒྱ་སྐྱེད་འབད་བའི་ཤུལ་ལུ་ ཌོག་ཊར་༡ ཡང་ མ་ལྷོདཔ་ལས་ ད་ལྟོ་ཚུན་གྱི་བར་ན་ ཌོག་ཊར་༡ དགོ་པའི་སྐོར་ལས་ གསོ་བ་ལྷན་ཁག་ལུ་ ཞུ་བ་འབད་དེ་ར་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༦ ལུ་ བཀྲིས་སྒང་ལས་ ཌོག་ཊར་༡ གནས་སོར་འོང་དོ་ཡོདཔ་སྦེ་ ལྷན་ཁག་ལས་ བཀའ་རྒྱ་ལྷོད་རུང་ ཌོག་ཊར་ལུ་ དཀའ་ངལ་ཅིག་ཡོད་པའི་སྐོར་ ལྷན་ཁག་ལུ་ ཞུ་བ་འབད་མི་དང་བསྟུན་ གནས་སོར་དེ་ ཆ་མེད་བཏང་ཡོད་མི་ལུ་བརྟེན་ དེ་གི་ཤུལ་ལས་ མ་ལྷོད་ཟེར་ཨིན་པས།
ཨིན་རུང་ ལྷན་ཁག་གིས་ ཌོག་ཊར་གཏང་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ལས་ སྤྱི་ལོ་༢༠༡༩ ཟླ་༡ པ་དེ་ཅིག་ནང་ གཏང་ནི་ཨིནམ་སྦེ་ སླབ་མི་ལུ་བརྟེན་ དཀའ་ངལ་དེ་ བསལ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ རྫོང་ཁག་གསོ་བའི་འགོ་དཔོན་ པདྨ་ཚེ་དབང་གིས་ བཤདཔ་ཨིན་པའི་གནས་ཚུལ།
སྒོམ་དར་ལས་ སྐལ་བཟང་དབང་ཕྱུག།