སྨན་ཁང་ཚུ་ནང་ ནད་པའི་བཞེས་སྒོ་ཚུ་ སྨན་བཅོས་འཕྲོད་ཁམས་དང་འཁྲིལ་བྱིན་དགོཔ།

༉ ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ཀྱི་ སྨན་ཁང་ཚུ་ནང་ སྨན་བཅོས་འབད་མི་ ནདཔ་ཚུ་ལུ་ རང་སོའི་ འཕྲོད་ཁམས་དང་བསྟུན་པའི་ བཞེས་སྒོ་ཚུ་ བྱིན་དགོཔ་སྦེ་ཨིན་རུང་ ག་ར་ཤོ་མཉམ་སྦེ་ བྱིན་ཏེ་འདུག་ཟེར་ཨིན་པས།

དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ནད་པའི་བཞེས་སྒོའི་ ཆ་རྐྱེན་ལས་འབྲེལ་རྩིས་ཞིབ་འབད་བའི་སྐབས་ ཤེས་རྟོགས་བྱུང་ནུག།
ནདཔ་ཚུ་ལུ་ སྨན་བཅོས་ཀྱི་ འཕྲོད་ཁམས་དང་བསྟུན་པའི་བཞེས་སྒོ་ མ་བྱིན་མི་ལུ་བརྟེན་ ནདཔ་ཚུ་གིས་ ཟད་བཅུད་འཐོབ་མ་ཚུགསཔ་ལས་ གཟུགས་ཁམས་མར་ཉམས་སོང་སྟེ་ སྨན་ཁང་ནང་སྡོད་ནི་དང་ དྲག་ནིའི་དུས་ཡུན་ ཡར་སེང་སོང་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྨན་ཁང་ཚུ་ནང་ བཞེས་སྒོ་མཁོ་མངགས་ཀྱི་ བྱ་རིམ་དང་ སྨན་ཁང་ནང་བཞག་མི་ ནདཔ་ག་ར་ལུ་ རང་སོའི་དང་འདོད་དང་མ་འཁྲིལ་བར་ སྨན་ཁང་གི་ བཞེས་སྒོ་ཐོབ་པའི་གྲངས་སུ་ བཙུགས་ཡོད་མི་དེ་ འཇོན་ཚད་དང་ ཚད་འཛིན་མེད་པའི་ གསལ་སྟོན་བྱུང་ནུག།
སྙན་ཞུ་ནང་ ནད་པའི་བཞེས་སྒོ་ཚུ་ ལེགས་ཤོམ་མེདཔ་ལས་ དོགས་པ་ཟ་དགོཔ་བྱུང་ཡི་ཟེར་ཨིནམ་མ་ཚད་ འབྲུག་སོ་ནམ་དང་ཟ་སྤྱོད་ཁྲིམས་དོན་དབང་འཛིན་ལས་ བཟའ་སྤྱོད་དང་འབྲེལ་བའི་ སྦྱོང་བརྡར་ཐོབ་སྟེ་འབད་རུང་ ཐབ་ཚངཔ་ཚུ་ལུ་ བཞེས་སྒོའི་ཉེན་སྲུང་ཤེས་ཡོན་ སྐྱོ་དྲགས་འདུག་ཟེར་བཀོད་ནུག།
དེ་ལས་ ནདཔ་ཚུ་ བཞེས་སྒོ་ཟ་ནིའི་ དུས་ཚོད་དང་མཐུན་པའི་ཁར་ ནད་ཁང་ནང་ སྨན་བཅོས་དང་ ཕྱགས་བདར་རྐྱབ་ནི་ལ་སོགས་པའི་ལཱ་ཚུ་ ཁ་ཐུག་རྐྱབ་སྟེ་ཡོད་པའི་ སྙན་ཞུ་འབད་ནུག།
དབང་འཛིན་གྱིས་ ནད་པའི་ལས་འབྲེལ་རྩིས་ཞིབ་ཚུ་ཡང་ རྒྱལ་ཁབ་ཀྱི་ གཙོ་བསྟེན་སྨན་ཁང་དང་ རྫོང་ཁག་གི་ སྨན་ཁང་བརྩིས་ཏེ་ སྨན་ཁང་༦ ནང་འབད་ཡོདཔ་ད་ སྨན་ཁང་ནང་ ཟད་བཅུད་ཀྱི་ ཚད་གཞི་མེད་པའི་ མངོན་གསལ་བྱུང་ཡོདཔ་མ་ཚད་ བཞེས་སྒོའི་ཐོ་ཚུ་ནང་ ཟད་བཅུད་ཀྱི་རྫས་སྦྱོར་ཚུ་ བརྟག་དཔྱད་མ་འབད་བས་ཟེར་ དབང་འཛིན་གྱིས་ སྙན་ཞུ་ནང་ བཀོད་ནུག།
སྨན་ཁང་༦ གི་གྲས་ལས་ སྨན་ཁང་༢ ནང་མ་གཏོགས་ ལྟོ་ཟ་མ་ཚུགས་མི་ ནདཔ་ཚུ་ལུ་ ཐུགཔ་གི་རིགས་ཚུ་ བྱིན་ནི་མེད་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
དབང་འཛིན་གྱིས་ ཞིབ་དཔྱད་འབད་མི་ སྨན་ཁང་ཚུ་གིས་ འདས་པའི་རྩིས་ལོ་༣ གྱི་ནང་འཁོད་ལུ་ ནད་པའི་བཞེས་སྒོའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༡.༦༩༥ དེ་ཅིག་ བཏང་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ དབང་འཛིན་གྱིས་ ནད་པའི་བཞེས་སྒོའི་ ཆ་རྐྱེན་ལེགས་བཅོས་འབད་ནི་དང་ ཞབས་ཏོག་གི་འཇོན་ཚད་ ཡར་དྲག་གཏང་ཐབས་ལུ་དམིགས་ཏེ་ གྲོས་འདེབས་ཕུལ་ཡོདཔ་ཨིན་པས།
གྲོས་འདེབས་ཚུ་ཡང་ སྨན་ཁང་ཚུ་གིས་ ཟས་བཅུད་དང་ལྡན་པའི་བཞེས་སྒོ་ཚུ་ ལག་ལེན་འཐབ་དགོ་པའི་ཁར་ ནདཔ་ཚུ་གི་ དགོས་མཁོ་དང་འཁྲིལ་ཏེ་ ཕོར་ཊི་ཕ་ཡེཌ་ཆུམ་ཚུ་ འགོ་བཙུགས་དགོཔ་འདུག་ཟེར་ གྲོས་འདེབས་ཕུལ་ནུག།
དེ་བཟུམ་སྦེ་ གཟུགས་ཁམས་འཕྲོད་བསྟེན་གྱི་ གནས་ཚད་དང་འཁྲིལ་ཏེ་ ཟས་བཅུད་ཀྱི་སྐོར་ལས་ གོ་བརྡ་སྤྲོད་ནི་དང་ ད་རེས་ཀྱི་ བཞེས་སྒོའི་ལམ་ལུགས་ཚུ་ བསྐྱར་ཞིབ་འབད་དེ་ དོན་སྨིན་ཅན་གྱི་ ལམ་ལུགས་ཚུ་ གཞི་བཙུགས་འབད་དགོ་ཟེར་ སྙན་ཞུ་འབད་ནུག།
དེ་ལས་ སྨན་ཁང་ཚུ་གིས་ འདས་པའི་ཟད་འགྲོ་བཏང་མི་དང་འཁྲིལ་ཏེ་ འཆར་དངུལ་གྱི་ གྲོས་འཆར་བཙུགས་དགོཔ་ད་ ནད་པའི་བཞེས་སྒོ་ཚུ་ ལྟ་རྟོག་འབད་ནིའི་དོན་ལུ་ ལམ་ལུགས་གསརཔ་ཅིག་ འགོ་བཙུགས་དགོཔ་མ་ཚད་ སྨན་ཁང་གིས་ བཞེས་སྒོའི་ཉེན་སྲུང་དང་ གཙང་སྦྲའི་ལས་རིམ་ཚུ་ཡང་ བཟོ་དགོ་པའི་གྲོས་འདེབས་ ཕུལ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *