སྨན་ཁང་ནང་ བག་ལྷོད་ཐོག་ སྡོད་ཐབས་མེདཔ།

༉ ཐིམ་ཕུག་འཇིགས་མེད་རྡེ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཨ་ལོ་གསར་སྐྱེ་ཚབས་ཆེན་སྨན་བཅོས་སྡེ་ཕྲན་ནང་ ཕྲ་འབུབ་དང་འབྲེལ་བའི་ འབུ་ནད་ཐོན་མི་ལུ་བརྟེན་ ཨ་ལོ་གསར་སྐྱེས་༡༡ ལུ་ ཤི་རྐྱེན་བྱུང་མིའི་ རྒྱུ་རྐྱེན་དེ་ འབུ་ནད་བཀག་འཛིན་གྱི་ ཐབས་ལམ་ཚུ་ བཏོན་མ་ཚུགས་པའི་ མངོན་གསལ་བྱུང་ནུག།

འབུ་ནད་ཐོན་མིའི་སྐོར་ལས་ དང་པ་ར་ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ སྙན་ཞུ་འབད་ཡོདཔ་མ་ཚད་ ཨ་ལོ་རྨས་སྐྱེས་ཤི་རྐྱེན་བྱུང་པའི་ སྙན་ཞུ་མཇུག་ར་ སྤྱི་ཟླ་༨ པའི་ཚེས་༩ ལུ འབད་ཡོདཔ་ད་ འབུ་ནད་དེ་ལུ་བརྟེན་ ཤི་རྐྱེན་བྱུང་མི་དེ་ཡང་ མང་ཤོས་ར་ དུས་ཚོད་མ་རན་པར་ སྐྱེས་མི་ཚུ་ ཀེ་རེབ་སི་ལ་ ནི་མོ་ནི་ཡ་ཟེར་མི་ གློ་བའི་ཚད་ནད་ཐོབ་ནི་དེ་གིས་ཨིན་མས།

གློ་བའི་ཚད་ནད་དེ་ སྨན་ཁང་ནང་ འབུ་ནད་བཀག་འཛིན་གྱི་ ཐབས་ལམ་ཚུ་ ཚུལ་ལྡན་སྦེ་ མ་བཏོནམ་ད་ ཁྱབ་སྤེལ་འགྱོ་དོ་ཡོདཔ་ཨིན་མས།

གསོ་བ་ལྷན་ཁག་གིས་ འབུ་ནད་ཀྱི་ སྙན་ཞུ་ཐོབ་ཅིག་ ནད་བཀག་ལས་རིམ་གྱི་ འགོ་དཔོན་དང་ འཐུས་མི་གཞན་ཚུ་ཡོད་མི་ སྡེ་ཚན་ཅིག་ལུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཞིབ་དཔྱད་འབད་བཅུག་པའི་ གྲུབ་འབྲས་སྙན་ཞུ་དང་འཁྲིལཝ་ད་ ཆུ་བཙོག་པ་ཞུགས་མི་གིས་མ་དོ་བར་ ལགཔ་གཙང་སྦྲ་དང་ལྡནམ་སྦེ་ ལག་ལེན་མེད་མི་དང་ འབུ་ནད་བཀག་འཛིན་གྱི་ ཐབས་ལམ་ཚུ་ ལག་ལེན་མ་འཐབ་མི་ལུ་བརྟེན་ཨིན་པའི་ ངོས་འཛིན་བྱུང་ནུག།

སྨན་ཁང་གིས་འབད་བ་ཅིན་ མི་སྟོབས་ལངམ་མེད་མི་དང་  ཨ་ལོ་གསར་སྐྱེ་ཚབས་ཆེན་སྨན་བཅོས་སྡེ་ཕྲན་ནང་ ལཱ་འབད་མི་ ལས་བྱེདཔ་གསརཔ་ལེ་ཤ་ཡོད་པའི་ཁར་ ཨ་ལོ་སྨན་བཅོས་དང་ གཅེས་སྐྱོང་འཐབ་མི་ ཉམས་མྱོང་ཡོད་མི་མེད་མི་ལུ་བརྟེན་ འབུ་ནད་བཀག་འཛིན་གྱི་ ཐབས་ལམ་ཚུ་ ལག་ལེན་འཐབ་མ་ཚུགས་ཟེར་ཨིན་མས།

ཞིབ་དཔྱད་སྙན་ཞུ་ལུ་ལྟཝ་ད་ སྨན་ཁང་ནང་ ལཱ་འབད་མི་ ལས་བྱེདཔ་དང་ དབང་འཛིན་ཚུ་ སེམས་བག་ལྷོད་ཐོག་སྡོད་དེ་ ཞབས་ཏོག་ལེགས་ཤོམ་མ་ཞུ་བའི་ བརྡ་མཚོན་སྟོནམ་མས།

སྨན་ཁང་དེ་ འགྲོ་བ་མིའི་ཚེ་སྲོག་ ཉེན་སྐྱོབ་འབད་མི་ཨིནམ་ལས་ ཐིམ་ཕུག་བཟུམ་མའི་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གཞི་རྟེན་མཐུན་རྐྱེན་ དཔེར་ན་ གཉན་སྲིན་སེལ་ནིའི་ སྨན་ཆུ་དང་ ནད་འབུབ་ཚུ་ལས་ སྔོན་འགག་འབད་མི་ ལགཔ་འཁྱུ་སྨན་ལ་སོགས་པ་ འབུ་ནད་སྔོན་འགོག་གི་ ཐབས་ལམ་ཚུ་ལངམ་སྦེ་ མེད་མི་དེ་ ངོ་ཚ་བའི་ གཞི་གནད་ཅིག་ཨིན་མས།

དེ་གི་ནང་དོན་ཉིད་ལས་ སྨན་ཁང་ལུ་ བཀྲམ་སྤེལ་འབད་མི་ ཆུ་རྐ་ལུ་ བཙོག་གྲིབ་ཞུགས་པའི་ མངོན་གསལ་བྱུང་མི་ལུ་ བལྟ་བ་ཅིན་ ཆུ་ལུ་བཙོག་པ་དེ་ བགོ་བཀྲམ་འབད་སའི་ ཆུ་མཛོད་དང་ ཡང་ཅིན་ སྨན་ཁང་གི་ ཆུ་མཛོད་ནང་ ཞུགས་ཡོདཔ་ འོང་ནི་མས།

དེ་ཚུ་ཡང་ སྨན་ཁང་གི་ འཛིན་སྐྱོང་ཁ་ཐུག་ལས་ ལྟ་རྟོག་ཚུལ་ལྡན་ མ་འབད་མི་དང་ མི་མང་གི་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཚ་གྱང་མ་འབག་པར་ སྡོད་མི་ལུ་བརྟེན་ འཛམ་གླིང་ནང་ མི་ལུས་རིན་པོ་ཆེ་སྦེ་སྐྱེས་མི་ ཨ་ལོ་རྨས་སྐྱེས་༡༡ སེམས་ཕངས་སི་སི་སྦེ་ ཤི་རྐྱེན་བྱུང་ཡོདཔ་ད་ ལ་ལོ་ཅིག་གིས་འབད་བ་ཅིན་ ཤི་རྐྱེན་བྱུང་མིའི་ གྱངས་ཁ་དེ་ དེ་བ་མངམ་འོང་སྲིད་ཟེར་ཨིན་མས།

མ་གཞི་ སྨན་ཁང་གི་ འཛིན་སྐྱོང་གི་ ཁ་ཐུག་ལས་  ད་ལྟོ་ འབུ་ནད་བཀག་འཛིན་འབད་ཚུགས་ཡོདཔ་མ་ཚད་ ད་ལས་ཕར་ རྐྱེན་ངན་མི་འབྱུང་ནིའི་དོན་ལུ་ འབུད་ནད་བཀག་འཛིན་གྱི་ ཐབས་ལམ་ཚུ་ ལག་ལེན་འཐབ་དགོ་པའི་ གྲོས་འདེབས་ཚུ་ བཀོད་ཡོད་རུང་ ད་ཚུན་གྱི་བར་ན་ འཐུས་ཤོས་བྱུང་མི་ཚུ་ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་ག་ཅི་བཟུམ་འབད་ནི་ཨིན་ན་ ག་ནི་ཡང་ གསལ་བཀོད་འབད་འབདཝ་མིན་འདུག།

སྨན་ཁང་གིས་ འབུ་ནད་ཁྱབ་སྤེལ་སོང་མི་དེ་ ལས་བྱེདཔ་ལངམ་སྦེ་ མེད་མི་དང་ ཨ་ལོ་སྨན་བཅོས་འབད་མི་ ཉམས་མྱོང་ཅན་དང་ མཁས་མཆོག་མེད་མི་ལུ་བརྟེན་ཨིན་ཟེར་ སླབ་མི་དེ་ ཧད་འཕུལ་བའི་ གནད་དོན་ཅིག་ཨིནམ་ད་ ངོ་མ་འབད་བ་ཅིན་ འཐུས་ཤོར་བྱུང་མིའི་ རྒྱུ་རྐྱེན་ངོ་མ་ར་ ཨ་ལོ་གསར་སྐྱེ་ཚབས་ཆེན་སྨན་བཅོས་སྡེ་ཕྲན་ནང་ ལཱ་འབད་མི་ཚུ་གིས་ རང་སོའི་འགན་ཁུར་ཚུལ་ལྡན་མ་འབག་པར་ སེམས་བག་ལྷོད་ཐོག་ སྡོད་མི་ལུ་བརྟེན་ཨིནམ་ལས་ འབྲེལ་གནད་ཅན་ཚུ་ལུ་ འགན་འཁྲི་བཀལ་ནི་དེ་གལ་ཆེ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *