༉ ལྷུན་རྩེ་སྨན་སྦིས་རྒེད་འོག་གི་ ཉེ་འདབས་དང་ གཞུང་ལམ་འོག་གི་ ཚོང་ཁང་ཚུ་ལུ་བརྟེན་ སྨན་ཁང་སྡེ་རིམ་དང་པ་དེ་ གཙང་སྦྲ་དང་ལྡནམ་སྦེ་ བཞག་མ་ཚུགས་པར་ཡོདཔ་ཨིན་པས།
གསོ་བའི་ལས་རོགསཔ་ ཚུལ་ཁྲིམས་རྒྱ་མཚོ་གིས་ སླབ་མིའི་ནང་ སྨན་ཁང་གི་ལྟག་ལུ་ཡོད་མི་ ཚོང་ཁང་ཚུ་ལས་མར་ བཙོག་ཆུ་འོང་མི་དང་ རླུང་མ་འཕུ་བའི་སྐབས་དང་ ཆརཔ་རྐྱབ་ད་ རག་རོ་ཚུ་ འཕྱག་བདའ་ཐོག་ལས་ སྨན་ཁང་གི་ ས་ཁོངས་ནང་ གཏོར་བཞག་སྟེ་ ཁམས་ལོག་སི་སི་ བཟོཝ་མས་ཟེར་ཨིན་པས།
འདི་བཟུམ་མའི་ གནས་སྟངས་ནང་ སྨན་ཁང་གི་ ནདཔ་ཚུ་ ཧེང་སྐལ་ན་ནི་དང་ སྨན་ཁང་ནང་ ལཱ་འབད་མི་ཚུ་ལུ་ཡང་ གཟུགས་ཁམས་འཕྲོད་བསྟེན་གྱི་ དཀའ་ངལ་འབྱུང་ནི་གི་ ཉེན་ཁ་འདུག་ཟེར་ ཚུལ་ཁྲིམས་རྒྱ་མཚོ་གིས་ བཤདཔ་ཨིན་པས།
དེ་མ་ཚད་ སྟག་སྐད་ལ་ལུ་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ སྐུ་འདྲ་མཇལ་བར་འགྱོ་མི་ཚུ་ སྨན་སྦིས་སྨན་ཁང་བརྒྱུད་དེ་ འགྱོ་དགོཔ་ལས་ ས་གོ་ཧིང་སངས་ས་བཞག་དགོཔ་ཨིན་རུང་ ཚོང་ཁང་ཚུ་ལུ་བརྟེན་ གཙང་སྦྲ་དང་ལྡནམ་སྦེ་ བཞག་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་་ཨིན་པས།
དེ་འབདཝ་ལས་ སྨན་ཁང་གིས་ ཚོང་ཁང་ཚུ་ ས་གནས་གཞན་ཁར་ སྤོ་བཤུད་འབད་དགོ་པའི་སྐོར་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་འབད་ནུག།
ལོ་༡༥ ལྷགཔ་ཅིག་གི་ཧེ་མ་ གཞི་བཙུགས་འབད་མི་ ཚོང་ཁང་༦ གི་ ཇོ་བདག་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ ས་ཁོངས་ཧིང་སངས་ས་ བཞག་ནིའི་དོན་ལུ་ རྩ་འགེངས་རུང་ འབད་མི་ཚུགས་པས་ཟེར་ཨིན་པས།
མ་གཞི་ ཚོང་ཁང་ཚུ་ སྤོ་བཤུད་འབད་ནི་གི་ གྲ་སྒྲིག་ཡོད་རུང་ རྒེད་འོག་ནང་ ཁྲོམ་གྱི་ས་ཆ་མེདཔ་ལས་ དེ་འཕྲོ་ལས་ སྤོ་བཤུད་འབད་ཐབས་མིན་འདུག་ཟེར་ ཚོང་པ་ཚུ་གིས་ བཤདཔ་ཨིན་པས།
སྨན་སྦིས་རྒཔོ་ཚུལ་ཁྲིམས་ལ་གིས་ སླབ་མིའི་ནང་ གཙང་སྦྲའི་གནད་ལུ་བརྟེན་ ཚོང་ཁང་ཚུ་ གནས་སྤོ་དགོཔ་ ངེས་བདེན་ཨིན་རུང་ ས་གོ་མེད་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
ཚོང་པ་༦ གི་གྲས་ལས་ ཚོང་པ་༣ གྱིས་ གཞུང་ས་ནང་ སྦ་སྒོར་རྐྱབ་ཡོདཔ་ལས་ རྫོང་ཁག་ས་མཇལ་སྡེ་ཚན་གྱིས་ སྤོ་བཤུད་འབད་དགོཔ་སྦེ་ སླབ་པའི་ཤུལ་ལས་ ཁོང་གིས་ གཞུང་ས་གླར་སྤྱོད་ཀྱི་དོན་ལུ་ རྫོང་ཁག་བརྒྱུད་དེ་ ལུང་ཕྱོགས་ཚོང་དང་ བཟོ་གྲྭ་ཡིག་ཚང་ནང་ ཞུ་ཡིག་བཙུགས་ཏེ་ཡོདཔ་ཨིན་པས།
སྐྱེས་ལོ་༤༥ ལང་མི་ བདེ་སྐྱིད་དཔལ་འཛོམས་ཀྱིས་ སླབ་མིའི་ནང་ ད་ལྟོ་ཡོད་མི་ ཚོང་ཁང་དེ་ སའི་ཇོ་བདག་དང་ ཚོང་པ་ཚུ་ལས་ ཉོགས་མེད་ཡི་གུ་ཚུ་ ལེན་ཞིནམ་ལས་ སྦ་སྒོར་བཟོ་སྐྲུན་འབད་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༠༧ ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ས་འཇལ་བའི་སྐབས་ ས་ཐེབས་ཐོན་ཡོདཔ་ལས་ གཞུང་བཞེས་འབད་ནུག་ཟེར་ཨིན་པས།
ཚོང་པ་ཚུ་གིས་འབད་བ་ཅིན་ རྒེད་འོག་གི་ ལྟག་ལུ་དང་ སྟག་མོ་ཆུ་སློབ་གྲྭ་ལྟེ་བའི་འོག་ལུ་ བ་མིན་བང་རང་ས་ལུ་ གཞུང་ས་དང་ སྒེར་ས་ཨེ་ཀར་༡༩ དེ་ཅིག་ཡོད་མི་དེ་ རྒེད་འོག་གི་ ཁྲོམ་ས་སྦེ་ ངོས་འཛིན་འབད་བ་ཅིན་ སྟབས་བདེ་ནི་མས་ཟེར་ཨིན་པས།
རྒེད་འོག་དེ་ནང་ ཚོང་འབྲེལ་ཆོག་ཐམ་འཆང་མི་༣༠ ལྷགཔ་ཅིག་ཡོད་རུང་ ས་གོའི་དཀའ་ངལ་ལུ་བརྟེན་ དག་པ་ཅིག་གིས་རྐྱངམ་གཅིག་ ཚོང་བཙུགས་ཡོད་པའི་གནས་ཚུལ།
སྨན་སྦིས་ལས་ བཀྲིས་ཕུན་ཚོགས།