༉ ལྷུན་རྩེ་རྫོང་ཁག་ སྨད་ཚོ་རྒེད་འོག་ལྟེ་བའི་འཁོར་ལམ་ རྩི་ནག་གཏང་ནི་འགོ་བཙུགས་ཏེ་ ལོ་༢ ལང་རུང་ ལཱ་མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ ལམ་སེལ་ལས་ཁུངས་ཀྱིས་ ཁག་འབག་གི་ལཱ་འབད་མི་དེ་ བཏོན་བཏང་དགོ་པའི་ སྙན་ཞུ་ཕུལ་ཡོདཔ་ལས་ ད་ལྟོ་ ལྷན་ཁག་གི་བཀའ་རྒྱ་ལུ་ བསྒུགས་ཡོདཔ་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཡར་རྒྱས་ཚོགས་འདུ་འཚོགས་པའི་སྐབས་ རྒེད་འོག་བདག་སྐྱོང་གིས་ རྩི་ནག་གི་ལཱ་ཚུ་ འཕྲལ་ར་འགོ་བཙུགས་དགོ་པའི་ གྲོས་འབུལ་ཕུལ་ཡོདཔ་ལས་ གནད་དོན་འདི་ལུ་ གཞི་བཞག་ཐོག་ལས་ གྲོས་ཆོད་བཏོན་ཡོདཔ་ཨིན་པས།
རྫོང་ཁག་ཡར་རྒྱས་ཚོགས་འདུ་གིས་ སྨད་ཚོ་རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་གཏང་ནི་དེ་ འཆར་གཞི་༡༢ པའི་ འཆར་ལོ་དང་པའི་ནང་ རྩི་ནག་བཏང་དགོཔ་སྦེ་ གྲོས་ཆོད་བཏོན་ཡོདཔ་ཨིན་པས།
རྫོང་ཁག་ནང་ རྒེད་འོག་༨ ཡོད་མིའི་གྲས་ལས་ སྨད་ཚོ་རྒེད་འོག་རྐྱངམ་གཅིག་ནང་ འཁོར་ལམ་རྩི་ནག་བཏང་མ་ཚུགས་པར་ ལུས་ཡོདཔ་ལས་ སྨད་ཚོ་རྒཔོ་མགོན་པོ་གིས་ འབད་བ་ཅིན་ རྒེད་འོག་ནང་ གོང་འཕེལ་གྱི་ ལཱ་འབད་དགོཔ་ལེ་ཤ་ཡོད་མི་ཚུ་ རྫོང་ཁག་དང་མཉམ་འབྲེལ་ཐོག་ འབད་དགོཔ་ལས་ འཁོར་ལམ་རྩི་ནག་བཏང་མ་ཚུགས་མི་གིས་ གདོང་ལེན་བྱུང་ཡོདཔ་ལས་ གྲོས་འབུལ་ཕུལ་ཡི་ཟེར་ཨིན་པས།
རྒཔོ་གིས་ འབད་བ་ཅིན་ འཁོར་ལམ་རྩི་ནག་བཏང་མི་ཚུ་ཡང་ སྤུས་ཚད་ཅན་སྦེ་ མ་བཏང་མི་ལུ་བརྟེན་ འཁོར་ལམ་ཧོ་ཀ་ཐོན་ཏེ་ ཧེ་མའི་གནས་སྟངས་ཐོག་ལུ་ ལྷོད་ནུག་ཟེར་ཨིན་པས།
རྩི་ནག་གཏང་ནིའི་ དུས་ཡུན་དེ་ སྤྱི་ལོ་༢༠༡༨ ཟླ་༣ པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ ལཱ་མཇུག་བསྡུ་མ་ཚུགས་པར་ ལུས་ཡོདཔ་བཞིན་དུ་ རྒེད་འོག་བདག་སྐྱོང་དང་ མི་སེར་ཚུ་ ལཱ་འཕྲོ་མཐུད་འབད་ནིའི་རེ་བ་བསྐྱེད་དེ་ བསྒུགས་སྡོད་པའི་ཤུལ་ལུ་ སྤྱི་ཟླ་༦ པ་རྫོགས་རུང་ ལཱ་འབད་ མ་བཏུབ་ཟེར་ཨིན་པས།
རྒཔོ་མགོན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༦ པ་ལས་འགོ་བཙུགས་ ཟླ་ངོ་༦ གི་རིང་ ས་ཁོངས་ནང་ ཁག་འབག་གི་ ལཱ་འབད་མིའི་ལས་མི་ ཅིག་ཡང་མ་མཐོང་ཟེར་ཨིན་པས།
འཐུས་ཤོར་ག་གིས་བྱུང་སྟེ་འབད་རུང་ མི་སེར་གྱི་ སྐྱོན་བརྗོད་འབད་ས་དེ་ རྒེད་འོག་བདག་སྐྱོང་ལུ་ ཨིན་མས་ཟེར་ རྒཔོ་གིས་བཤདཔ་ཨིན་པས།
རྒེད་འོག་ལྟེ་བའི་འཁོར་ལམ་ རྩི་ནག་གཏང་ནིའི་ནང་ རྒེད་འོག་བདག་སྐྱོང་གིས་ འཐུས་ཤོར་ཡོདཔ་སྦེ་ མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་ ཁྱབ་སྤེལ་སོང་སྟེ་ འདུག་ཟེར་ཨིན་པས།
རྒེད་འོག་བདག་སྐྱོང་གི་ ཁ་ཐུག་ལས་ འགན་ཁུར་འབག་སྟེ་ གནས་དོན་འདི་གི་སྐོར་ལས་ འབྲེལ་ཡོད་ལས་ཁུངས་ལུ་ ཡིག་ཐོག་གི་ སྙན་ཞུ་འབད་ཡོདཔ་མ་ཚད་ དྲན་གསོ་ལོག་ཅི་ར་འབད་རུང་ ངོས་ལེན་མིན་འདུག་ཟེར་ རྒཔོ་མགོན་པོ་གིས་བཤདཔ་ཨིན་པས།
གནམ་སྐམ་གྱི་དུས་ཚོད་ཁར་ ལཱ་མ་འབད་བར་བཞག་པའི་ཤུལ་ལུ་ གནམ་བྱཱར་ཆརཔ་རྐྱབ་བསྒང་ལས་ ལཱ་གི་གྲུབ་འབྲས་ལེགས་ཤོམ་ བཏོན་ཚུགས་པར་ ལཱ་ཁག་འོང་ཟེར་ཨིན་པས།
ཨའུ་མཚོ་ལུ་ཡོད་པའི་ ལམ་སེལ་བཟོ་རིག་འགོ་དཔོན་ པདྨ་ཆོས་གྲགས་ཀྱིས་ སླབ་མིའི་ནང་ ཀི་ལོ་མི་ཊར་༡༥ འབད་མི་ འཁོར་ལམ་རྩི་ནག་གཏང་ནི་དེ་ སྤྱི་ལོ་༢༠༡༦ ཟླ་༩ པ་ལས་འགོ་བཙུགས་ སྤྱི་ལོ་༢༠༡༨ ཟླ་༣ པའི་ནང་མཇུག་བསྡུ་དགོཔ་ཨིན་རུང་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་མི་ལུ་ ལས་འགུལ་གྱི་ ལམ་ལུགས་དང་འཁྲིལ་ ཉིན་གྲངས་༡༠༠ ཐེབས་བྱིན་ཡི་ཟེར་ཨིན་པས།
ཟླ་ངོ་༣ གྱི་ དུས་ཚོད་ཐེབས་བྱིན་མིའི་ནང་ཡང་ ཁག་འབགཔ་གིས་ ལཱ་མཇུག་བསྡུ་མ་ཚུགསཔ་ལས་ ཁག་འབགཔ་དེ་ བཏོན་བཏང་དགོཔ་སྦེ་ ཨའུ་མཚོ་ལམ་སེལ་ཡིག་ཚང་གིས་ གླིང་མི་ཐང་ ལུང་ཕྱོགས་ལམ་སེལ་ཡིག་ཚང་ནང་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ལུང་ཕྱོགས་ཡིག་ཚང་དང་ ཁག་འབགཔ་༢ གྲོས་བསྟུན་ཐོག་ ད་རུང་ སྤྱི་ལོ་ ༢༠༡༩ ཟླ་༢ པ་ཚུན་ དུས་ཐེབས་དགོ་པའི་སྐོར་ ཞབས་ཏོག་ལྷན་ཁག་ལུ་ སྙན་ཞུ་འབད་དེ་ ལྷན་ཁག་ལས་ གནང་བ་གནང་སྟེ་འདུག་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུ་གིས་ ཁག་འབགཔ་གིས་ དུས་ཡུན་ལོ་༢ ལང་སོང་རུང་ གྲུབ་འབྲས་ཐོན་མ་ཚུགས་པའི་ གནད་དོན་ག་ཅི་ཨིན་ན་ དོགས་གསལ་དགོ་པའི་ གྲོས་ཆོད་བཏོན་ཡོད་པའི་གནས་ཚུལ།
ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།