༉ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ སྒོ་ནོར་ལས་ཁུངས་ཀྱིས་ གཡུས་ཁའི་ནོར་ཚུ་ བདག་འཛིན་འཐབ་ནི་དང་ ཡར་དྲག་གཏང་ཐབས་ལུ་ ལྷུན་རྩེ་སྨད་མཚོ་རྒེད་འོག་ གསེར་མཚམས་ས་གནས་ནང་ བ་ཐམ་གསོ་སྐྱོང་འབད་ནི་ འགོ་བཙུགས་ཏེ་འདུག།
ད་རེས་ གསོ་སྐྱོང་ཁང་དེ་ནང་ ནུབ་གླང་ཟེར་ བ་ཐམ་༡༢ དང་ ཨོམ་བཞོ་མི་བ་༢༡ དེ་ལས་ བ་དང་བོའུ་ཅུང་བསྡོམས་༨༥ དེ་ཅིག་ཡོདཔ་ཨིན་པས།
སྤྱིར་བཏང་བ་ཐམ་ཟེར་ གཡུས་ནོར་བ་དང་ གླང་ཚུ་ དང་ཕུ་ཕམ་ཚུ་གིས་ གསོ་སྐྱོང་འབད་མི་ཚུ་ སྒོ་ནོར་སྡེ་ཚན་གྱིས་ ཞིབ་དཔྱད་འབད་ཐོག་ རྫོང་ཁག་གཞན་གྱི་ གཡུས་ཚན་ཚུ་ལས་ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།
ལས་ཁུངས་འོག་གི་ གསོ་སྐྱོང་ལྟེ་བའི་ འཛིན་སྐྱོང་འགོ་དཔོན་བཀྲིས་ཀྱིས་ སླབ་མིའི་ནང་ གསོ་སྐྱོང་ཁང་ གཞི་བཙུགས་འབད་མི་དེ་ དང་ཕུ་མི་སེར་ཚུ་ གཡུས་ཁའི་ནོར་དང་ བྱ་ཚུ་ལུ་བརྟེན་ འཚོ་སྐྱོང་འཐབ་སྡོད་མི་དེ་ ད་རེས་ ཉམས་ཉེན་གུ་ལྷོད་སོཔ་ལས་ བདག་འཛིན་འཐབ་ནི་དང་ སྲུང་སྐྱོབ་འབད་དེ་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ ཐབས་ཤེས་བཏོན་ཡོདཔ་ཨིན་ཟེར་ཨིན་པས།
གསོ་སྐྱོང་ཁང་དེ་ནང་ བསྡོམས་གཡུས་ནོར་༡༡༨ ཡོདཔ་མི་ལས་ མང་ཤོས་ར་ ཧཱ་རྫོང་ཁག་ལས་ མཁོ་སྒྲུབ་ འབད་ཡོདཔ་ད་ ནོར་ལ་ལོ་ཅིག་ ལྷུན་རྩེ་དང་ བུམ་ཐང་ དེ་ལས་ དབང་འདུས་ཕོ་བྲང་རྫོང་ཁག་གི་ གཡུས་ཚན་ཚུ་ལས་ འབག་འོང་ཡོདཔ་སྦེ་ཨིན་པས།
ཐོན་སྐྱེད་ལྟ་རྟོག་པ་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མི་དང་འཁྲིལ་བ་ཅིན་ རིགས་ལེགས་ཤོམ་འབད་མི་ནོར་ཚུ་ རྒྱ་ཆེཝ་སྦེ་ ཐོན་སྐྱེད་འབད་བའི་ཤུལ་ལུ་ རྫོང་ཁག་ཚུ་ནང་ བཀྲམ་སྤེལ་འབད་ནིའི་ འཆར་གཞི་ཡོདཔ་ལས་ བ་དང་ གླང་ བོའུ་ཅུང་ ཨོམ་བཞོ་མི་ཚུ་ ཁང་མིག་སོ་སོ་ནང་བཞག་སྟེ་ རྩྭ་ཆག་ཚུ་ བྱིན་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སེམས་ཅན་གསོ་ནིའི་དོན་ལུ་ ས་ཆ་ཨེ་ཀར་༩༠ དེ་ཅིག་ཡོདཔ་ལས་ ཇར་སི་ཚུ་བཟུམ་སྦེ་ ཁང་མིག་ནང་ བཞག་མ་དགོ་པར་ ཚལ་མ་ནང་ བཏང་ཞིནམ་ལས་ ཕྱི་རུ་ ལོག་བསྡུ་བར་ འགྱོ་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ གཡུས་བྱ་གསོ་སྐྱོང་འབད་དེ་ཡོདཔ་ད་ ད་རེས་ནངས་པར་ གསོ་སྐྱོང་ཁང་མིག་ནང་ གཡུས་བྱ་རིགས་༤ དེ་ཅིག་ཡོདཔ་ད་ དེ་ཚུ་ནང་ གཡུས་བྱ་གནགཔོ་དང་ བལ་ལོ་ཆེན་མོ་ གཡུས་བྱ་དཀརཔོ་ དེ་ལས་ སེར་མོ་ལ་ཟེར་བཏགས་མི་ཚུ་ མཐོང་ཚུགསཔ་ཨིན་པས།

གཡུས་བྱ་འབདཝ་ལས་ སྒོང་རྡོག་གི་ཐོན་སྐྱེད་ཡང་ བྱམོ་རེ་གིས་ ཉིནམ་༡ རེ་ལུ སྒོང་རྡོག་རེ་ལས་བརྒལ་བུད་ནི་མེདཔ་ད་ འཕྲལ་མགྱོགས་ར་ བྱི་ཅུང་ཐོན་སྐྱེད་འབད་མི་ འཕྲུལ་ཆས་ཚུ་ ཁང་མིག་ནང་ བཙུགས་ནི་ཨིན་པས།
ད་རེས་ གཡུས་བྱ་ཚུ་ཡང་ མོང་སྒར་སི་ལམ་སྦིས་དང་ དགོངས་འདུས་ པདྨ་དགའ་ཚལ་མི་ཀུ་རི་ དབང་འདུས་ཕོ་བྲང་ཨ་དག་ དེ་ལས་ ལྷུན་རྩེ་རྫོང་ཁག་ལས་ མཁོ་སྒྲུབ་འབད་དོ་ཡོདཔ་ཨིན་པས།
བྱ་གསོ་སྐྱོང་ལྟ་རྟོག་པ་ རྡོ་རྗེ་མཁའ་འགྲོ་གིས་ སླབ་མིའི་ནང་ གཡུས་བྱ་དེ་ཚུ་ རྫོང་ཁག་ནང་ ཞིབ་འཚོལ་ འབད་བར་འགྱོ་བའི་སྐབས་ རྫོང་ཁག་དག་པ་ཅིག་གི་ གཡུས་ཚན་ཚུ་ནང་ རེ་གཉིས་མ་གཏོགས་ མཐོང་མི་ ཚུགས་པས་ཟེར་ཨིན་པས།
སྨད་མཚོ་རྒཔོ་ མགོན་པོ་གིས་ སླབ་མིའི་ནང་ གསོ་སྐྱོང་ལྟེ་བའི་ནང་ བ་དང་ གླང་རིགས་ལེགས་ཤོམ་ཡོད་མི་དེ་ ད་ལྟོ་ཚུན་ ཁོ་གི་རྒེད་འོག་ནང་མེདཔ་ལས་ དེ་གིས་ དར་ཁྱབ་གཏང་ནི་ལུ་ ཁེ་ཕན་འབྱུང་ནི་ཨིནམ་མ་ཚད་ ད་ལྟོ་ མི་སེར་ཚུ་གིས་ ཕ་གླང་ཚུ་ མཁོ་སྒྲུབ་འབད་བའི་བསྒང་འདུག་ཟེར་ཨིན་པས།
ལྷག་པར་དུ་ དང་ཕུ་གི་ བྱ་རིགས་ཚུ་ཡང་ ཉམས་ཉེན་གུ་ལྷོད་ཡོདཔ་ལས་ ད་ལས་ཕར་ གོང་འཕེལ་གཏང་ནི་ལུ་ ཁེ་ཕན་འདུག་ཟེར་ཨིན་པས།
བྱ་གསོ་སྐྱོང་ཁང་ནང་ བྱ་༤༠༠༠ དེ་ཅིག་ ཐོན་སྐྱེད་འབད་ནིའི་ དམིགས་ཡུལ་ཡོད་མི་ལས་ ད་རེས་བྱ་བསྡོམས་ ༢༠༠ དེ་ཅིག་ལས་བརྒལ་མེད་རུང་ རེ་ཚེ་སྐབས་ སྒོང་རྡོག་ཚུ་བཙོང་སྟེ་ འོང་འབབ་བཟོ་དོ་ཡོདཔ་ཨིན་པས།
གསོ་སྐྱོང་ཁང་ལས་ བྱ་མངམ་སྦེ་ ཐོན་སྐྱེད་འབད་ཞིནམ་ལས་ རྫོང་ཁག་གཞན་ཚུ་ནང་ བཀྲམ་སྤེལ་འབད་དེ་ ཉམས་སྲུང་འབད་ནི་ཨིནམ་ལས་ མ་འོངས་གསོ་སྐྱོང་ཁང་ལུ་བརྟེན་ རྒྱལ་ཁབ་ལུ་ ཁེ་ཕན་སྦོམ་འོང་ནི་མས་ཟེར་ སྨད་མཚོ་རྒཔོ་གིས་ སླབ་ཨིན་པས།
ད་རེས་ བྱ་གསོ་སྐྱོང་ཁང་ནང་ ལས་མི་༡ དང་ བ་གསོ་སྐྱོང་ཁང་ནང་ ལས་མི་༧ དེ་ཅིག་ཡོདཔ་ལས་ ལས་མི་ མངམ་བཙུགས་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ གསོ་སྐྱོང་ཁང་གི་དོན་ལུ་ ཡིག་ཚང་ཡང་ ས་གནས་དེ་ཁར་ར་ བཟོ་སྐྲུན་འབད་དེ་འདུག།
གསོ་སྐྱོང་ཁང་ཚུ་ བཟོ་སྐྲུན་འབད་བའི་ཤུལ་ལས་ སྤྱི་ལོ་༢༠༡༧ གྱི་ཟླཝ་༢ པ་ལས་འགོ་བཙུགས་ གཡུས་ནོར་ཚུ་འབག་འོང་ནི་ འགོ་བཙུགས་ཡོདཔ་ ཨིན་པའི་གནས་ཚུལ།
སྨད་མཚོ་ལས་ བཀྲིས་ཕུན་ཚོགས།