སྦྱོང་བརྡར་སྣ་ཚོགས་ནང་ལས་ མཐར་འཁྱོལ་མི་༣༢༣ ལུ་ ལག་ཁྱེར་གནང་ཡོདཔ།

༉ ཁ་ཙ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ མཐར་འཁྱོལ་དུས་སྟོན་ཐེངས་༢༡ པ་ འགོ་འདྲེན་འཐབ་པའི་སྐབས་ འཛིན་སྐྱོང་སློབ་སྡེ་གིས་ སྦྱོང་བརྡར་སྣ་ཚོགས་མཇུག་མི་ སྦྱོང་བརྡར་བ་༣༢༣ ལུ་ མཐར་འཁྱོལ་ལག་ཁྱེར་ཚུ་ གནང་ཡི།
སློབ་སྡེ་གིས་ སྤྱི་ལོ་༡༩༨༦ ལུ་ འགོ་དང་པ་ སློབ་སྦྱོང་བྱིན་པའི་ཤུལ་ལས་ ལག་ཁྱེར་གནས་ཚད་ཀྱི་ སྦྱོང་བརྡར་བྱིན་མི་དེ་ཡང་ རྒྱལ་ཁབ་ནང་ ལང་ནི་དེ་གིས་ མེདཔ་བཟོ་ཡོདཔ་ད་ ད་ལས་ཕར་ ཌིབ་ལོ་མའི་སྦྱོང་བརྡར་ཡང་ མི་ལེན་ནི་ཨིན་པས།
མཐར་འཁྱོལ་དུས་སྟོན་ནང་ སློབ་སྡེ་ནང་ལས་ སྤྱི་ལོ་༢༠༡༥ ལས་༢༠༡༧ གྱི་བར་ན་ བདག་སྐྱོང་དང་འཛིན་སྐྱོང་ དངུལ་འབྲེལ་ལ་སོགས་པའི་ནང་ མཐོ་རིམ་གོང་མ་དང་ གཙུག་ལག་མཐོ་རིམ་གོང་མའི་ཤེས་ཡོན་ ཌིབ་ལོ་མ་ མི་མང་བདག་སྐྱོང་ ཁྲིམས་དོན་དང་ གཞན་ཡང་ བརྡ་དོན་འཕྲུལ་རིག་ལ་སོགས་པའི་ནང་ ཌིབ་ལོ་མའི་ སྦྱོང་བརྡར་འབད་མི་ཚུ་ལུ་ ལག་ཁྱེར་ཚུ་བྱིན་ཡི།
སྐུ་མགྲོན་གཙོ་བོ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཧེ་མ་ ལག་ཁྱེར་གནས་ཚད་ཀྱི་ སྦྱོང་བརྡར་བྱིན་མི་དེ་ བཞག་པའི་ཤུལ་ལུ་ དུས་ཅི་ལས་ ཌིབ་ལོ་མའི་སྦྱོང་བརྡར་ལས་རིམ་ཚུ་ཡང་ མི་ལེན་ནི་ཨིན་མི་དེ་ རྟགས་མཚན་བཟང་པོ་ཅིག་ ཨིན་མས་ཟེར་གསུངས་ཡི།
བློན་ཆེན་གྱིས་ སློབ་སྡེ་ནང་ལས་ རྒྱལ་ཁབ་ནང་ལང་པའི་ ལག་ཁྱེར་གྱི་གནས་ཚད་ཡོད་མི་ སློབ་སྦྱོང་བྱིན་ཚར་ཡོད་པའི་ཁར་ ཌིབ་ལོ་མའི་གནས་ཚད་ཡོད་མི་ཡང་ ལང་ཡོད་པའི་རྟགས་མཚན་ ཨིན་མས་ཟེར་གསུངས་ཡི།
སློབ་སྡེ་གིས་ ད་ཚུན་ མཐོ་རིམ་སློབ་གྲྭ་མཇུག་བསྡུ་མི་ དངུལ་འབྲེལ་དང་ མི་མང་བདག་སྐྱོང་ དེ་ལས་ ཁྲིམས་དོན་ལ་སོགས་པའི་ནང་ མི་གྲངས་༡,༦༠༡ དེ་ཅིག་ལུ་ སྦྱོང་བརྡར་བྱིན་ཚར་ཡོདཔ་ཨིན་པས།
བློན་ཆེན་གྱིས་ འཛིན་སྐྱོང་སློབ་སྡེ་ གཞི་བཙུགས་འབད་མི་དེ་གིས་ རྒྱལ་ཁབ་ནང་ མི་སྟོབས་དང་ འཕྲུལ་རིག་ལ་སོགས་པའི་ནང་ གྱུར་བ་སྦོམ་བཟོ་སྟེ་ཡོད་ཟེར་ གསུངས་ཡོདཔ་ད་ སྦྱོང་བརྡར་མཐར་འཁྱོལ་མི་ཚུ་ལུ་ མི་ཚེ་གོམ་པ་སྤོ་ནིའི་ དུས་ཚོད་ཨིན་པའི་ཁར་ ཁོང་གིས་ རྒྱལ་ཁབ་ཀྱི་ ངོ་ཚབ་ཨིན་ཟེར་གསུངས་ཡི།
ཁ་ཙའི་ མཐར་འཁྱོལ་ལས་རིམ་ནང་ མཐོ་རིམ་གོང་མའི་ཤེས་ཡོན་སྦྱང་མིའི་གྲས་ཁར་ སྤྱི་ཚོགས་དང་པའི་ནང་ འཐུས་མི་སྦེ་ཕྱག་ཞུ་མི་དང་ ལས་སྡེ་ཁག་དང་ ལྷན་ཁག་ཚུ་ནང་ ལཱ་འབད་མི་ཚུ་ཡོདཔ་ཨིན་པས།
སློབ་སྡེ་ནང་ལས་ མཐར་འཁྱོལ་མི་ལ་ལོ་ ཧེ་མ་ མཐོ་རིམ་ཤེས་ཚད་མཇུག་བསྡུ་སྟེ་ སློབ་སྡེ་ནང་ སྦྱོང་བརྡར་འབད་དེ་ ལཱ་འབད་བའི་ཤུལ་ལས་ ལོག་སྟེ་མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་ནིའི་དོན་ལུ་ འོང་མི་ཚུ་ཡང་ ཡོདཔ་ཨིན་པས།
དེའི་གྲས་ཁར་ རྒྱ་གར་གྱི་ མི་ཁུངས་ཅིག་གིས་ དངུལ་འབྲེལ་གྱི་མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་པར་འོང་སྟེ་ དྲག་ཤོས་ཐོན་ཡོདཔ་ལས་ མ་འོངས་པ་ལུ་ སློབ་སྡེ་ནང་ ཁོ་བཟུམ་མའི་ སློབ་སྦྱོང་འབད་མི་ འཐོན་ནིའི་རེ་བ་ཡོདཔ་ཨིན་པས།
བཀོད་ཚོགས་ཀྱི་ཁྲི་འཛིན་ ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་གིས་ མཐར་འཁྱོལ་མི་ཚུ་ལུ་ ལཱ་གཡོག་འཐོབ་དགོ་པ་ཅིན་ རིག་རྩལ་དང་ ལག་རྩལ་དགོ་པའི་ཁར་ ལཱ་འབད་སའི་ས་ཁོངས་ནང་ རང་སོའི་ བྱ་སྤྱོད་ཚུ་ཡང་ ལེགས་ཤོམ་དགོ་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *