སྦྱིས་ཟམ།

སྦྱིས་ཟམ་ལུ་ ཕོར་ཇི་གི་ཞབས་ཏོག་གཞི་བཙུགས་འབད་མི་གིས་ ཡོངས་འབྲེལ་གྱི་ དཀའ་ངལ་བསལ་ཡོདཔ།

༉ ཀྲོང་གསར་ སྦྱིས་ཟམ་གྱི་ས་གནས་ནང་ ཡོངས་འབྲེལ་གྱི་ རྒྱུན་ལམ་ལེགས་ཤོམ་མེད་པའི་ དཀའ་ངལ་ཡོད་མི་དེ་ འཕྲལ་ཁམས་ཅིག་ཁར་ འབྲུག་བརྒྱུད་འཕྲིན་གྱིས་ ཡོངས་འབྲེལ་ཕོར་ཇི་4G གི་ ཞབས་ཏོག་བཙུགས་མི་ལུ་བརྟེན་ བསལ་ཡོདཔ་ཨིན་པས།

ད་ཚུན་ སྦྱིས་ཟམ་ལུ་སྡོད་མི་ཚུ་ འགྲུལ་འཕྲིན་གྱི་མཐུན་རྐྱེན་ཡོད་རུང་ ཡོངས་འབྲེལ་དང་འབྲེལ་བའི་ ཞབས་ཏོག་ ལེགས་ཤོམ་ཐོབ་མ་ཚུགས་པར་ སྡོད་ཡོདཔ་ཨིན་པས།

སྦྱིས་ཟམ་སློབ་གྲྭ་ཆུང་བའི་ སློབ་དབུ་འཛིན་ བཅོ་ལྔ་ཟླ་བ་གིས་ སླབ་མིའི་ནང་ ཁོ་ར་ སློབ་གྲྭ་ནང་གནས་སོར་འོང་སྟེ་ ལོ་༨ ལྷགཔ་ཅིག་སོང་ཡོདཔ་ད་ ད་ཚུན་ ས་གནས་ནང་ ཡོངས་འབྲེལ་གྱི་མཐུན་རྐྱེན་ལེགས་ཤོམ་མེདཔ་ལས་ བདག་སྐྱོང་དང་འབྲེལ་བའི་ལཱ་ ཡོངས་འབྲེལ་ཐོག་ལས་ ཞལ་འཛོམས་དང་ ཡི་གུ་གཏོང་ལེན་འབད་ནིའི་དོན་ལུ་ ལཱ་ཁག་འབད་ ཀྲོང་གསར་ཚུན་ འགྱོ་དགོ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ དུས་ཡུན་སྐར་མ་༥ ནང་ མཇུག་བསྡུ་ཚུགས་པའི་ལཱ་དེ་ རྒྱུན་ལམ་ལེགས་ཤོམ་མེད་ནི་དེ་གིས་ དུས་ཡུན་ལེ་ཤ་ འགོརཝ་མས་ཟེར་ཨིན་པས།

ད་རེས་ ཕོར་ཇི་གི་ཞབས་ཏོག་ལྷོད་མི་གིས་ ལཱ་ག་ཅི་ར་འབད་དགོ་རུང་ རང་སྡོད་ས་ལས་ འགྲུལ་འཕྲིན་ཐོག་ལས་ འབད་ཚུགསཔ་ལས་ ཁེ་ཕན་སྦོམ་བྱུང་ཡི་ཟེར་ཨིན་པས།

ས་གནས་ཀྱི་ ཨ་ལོ་ཚུ་ ཕོར་ཇི་གི་མཐུན་རྐྱེན་ལུ་བརྟེན་ འགྲུལ་འཕྲིན་ཚུ་ ལེགས་ཤོམ་སྦེ་ལག་ལེན་འཐབ་ནིའི་ གོ་སྐབས་འཐོབ་ཡོདཔ་ད་ འབྲུག་བརྒྱུད་འཕྲིན་གྱིས་ ཕོར་ཇི་གི་སིམ་ཀཱཌ་ཚུ་ རིན་མེད་སྟོང་པར་སྦེ་ བགོ་བཀྲམ་འབད་དོ་ཡོདཔ་ཨིན་པས།

ཚོང་པ་པདྨ་དབྱངས་སྐྱིད་ཀྱིས་ སླབ་མིའི་ནང་ ཧེ་མ་ ཡོངས་འབྲེལ་ལེགས་ཤོམ་མེད་པའི་སྐབས་ འགྲུལ་འཕྲིན་དེ་ སྒོ་ཅུང་གུ་བཞག་དགོཔ་མ་ཚད་ ཨ་ལོ་ཚུ་ལུ་ འགྲུལ་འཕྲིན་སྤྲོད་རུང་ ཡོངས་འབྲེལ་ལེགས་ཤོམ་མེདཔ་ལས་ ཁེ་ཕན་བྱུང་མ་ཚུགས་ཟེར་ཨིནམ་ད་ ད་རེས་ ཞབས་ཏོག་གསརཔ་དེ་གིས་ སྟབས་བདེ་ཏོག་ཏོ་འདུག་ཟེར་ཨིན་པས།

མི་ཚུ་གིས་ ཚོང་ཁང་ནང་ལས་ ཅ་ལ་ཉོ་ཞིནམ་ལས་ ཏི་རུ་དེ་ ཨེམ་བོབ་ལ་སོགས་པའི་ ཡོངས་འབྲེལ་ཐོག་ལས་ སྤྲོད་ནི་ལུ་ དཀའ་ངལ་ཡོད་མི་ཚུ་ བསལ་ཚུགས་ཡོདཔ་ལས་ འབྲུག་བརྒྱུད་འཕྲིན་ལུ་ བཀྲིན་ཆེ་ཟེར་ཨིན་པས།

སྦྱིས་ཀྲོང་ལས་ རིན་ཆེན་གྱིས་ སླབ་མིའི་ནང་ ད་རེས་ ཕོར་ཇི་གི་ཞབས་ཏོག་བཙུགས་མི་དེ་གིས་ སྦྱས་ཟམ་གྱི་ས་ཁོངས་ནང་ སློབ་གྲྭ་དང་ ཁྲིམས་སྲུང་འགག་སྡེ་ དེ་ལས་ ས་གནས་ཀྱི་མི་ཚུ་ལུ་ ཁེ་ཕན་བྱུང་ཡི་ཟེར་ཨིན་པས།

ད་རེས་ནངས་པར་ གཡུས་ཁ་ལས་ཕར་ མི་ག་ར་གིས་ འགྲུལ་འཕྲིན་ཡོངས་འབྲེལ་ ལག་ལེན་འཐབ་དོ་ཡོདཔ་ལས་ ཡོངས་འབྲེལ་ཞབས་ཏོག་ལེགས་ཤོམ་ཡོད་པ་ཅིན་ འབྲེལ་བ་འཐབ་ནི་ནང་ ཁེ་ཕན་འདུག་ཟེར་ཨིན་པས།

ཀྲོང་གསར་ འབྲུག་བརྒྱུད་འཕྲིན་ཡིག་ཚང་གི་ འཛིན་སྐྱོང་པ་ ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ སྦྱིས་ཟམ་ལུ་ བཟོ་སྐྲུན་འབད་ཡོད་པའི་ ཕོ་ཇི་གི་ཀ་རིང་ཊཱ་ཝར་དེ་གིས་ སྦྱིས་ཟམ་དང་ སེམས་སྦྱིས་ སྦྱིས་པཱམ་ སྦྱིས་ཀྲོང་གི་གཡུས་ཚུ་ནང་ ཁྱིམ་གུང་༧༥ དེ་ཅིག་ལུ་ ཁེ་ཕན་བྱུང་ཚུགས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཧེ་མ་ ཀ་རིང་ཊཱ་ཝར་དེ་ ཚང་ཁ་གི་ལྟག་ལུ་ གཞི་བཙུགས་འབད་ཡོདཔ་ལས་ སྦྱིས་ཟམ་གྱི་ ས་གནས་ནང་ 2G གི་ཞབས་ཏོག་རྐྱངམ་གཅིག་ ལག་ལེན་འཐབ་སྟེ་ སྡོད་ནུག་ཟེར་ཨིན་པས།

ཀ་རིང་ཊཱ་ཝར་དེ་ཡང་ སྤྱི་ཟླ་༡༠ པའི་ནང་ བཟོ་སྐྲུན་འབད་ནི་འགོ་བཙུགས་ཏེ་ སྤྱི་ཟླ་༡༡ པའི་ཚེས་༡༡ ལས་ ཞབས་ཏོག་བྱིན་ནི་ འགོ་བཙུགས་ཡོདཔ་ད་ འབྲུག་བརྒྱུད་འཕྲིན་གྱིས་ སང་ཕོད་ལས་ མང་སྡེ་ཕུག་དང་ ཉིམ་ཤོང་ རེ་འཕེལ་ཀོ་ཤ་ལའི་ལམ་ དྲང་ལ་གི་ས་ཁོངས་ཚུ་ནང་ ལག་ལེན་འཐབ་ཚུགས་པའི་ ཕོར་ཇི་གི་ཀ་རིང་ཊཱ་ཝར་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *