སྒོང་རྡོག་བཙུགས་ཧོད་ སྐམ་བཞག་ཡོདཔ།

སྦྱིས་མི་ནང་ལུ་ སྒོང་རྡོག་བཙུགས་ཧོད་བཟོ་མི་ལུ་བརྟེན་ ཤོག་གུ་དང་འབྲེལ་བའི་ཕྱགས་སྙིགས་ཚུ་ མར་ཕབ་རྐྱབ་ཚུགས་དོ་ཡོདཔ།

༉ མཛེས་ཆ་དང་ལྡན་པའི་ འབྲུག་གི་རང་བཞིན་གནས་སྟངས་དེ་ མ་འོངས་པ་ལུ་ ཕྱགས་སྙིགས་རག་རོག་ཚུ་གིས་ གང་ཚར་ནི་མས་ཟེར་བའི་ཚ་གྱང་དེ་ འབྲུག་མི་ཚུ་གི་སེམས་ཁར་ཡོད་རུང་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་མི་ལུ་ལྟཝ་ད་ འགན་ཁུར་འབག་མི་དེ་ སྐྱོན་སུ་ཅིག་འོང་ནི་ཨིན་པས།

ཨིན་རུང་ འབྲུག་ན་གཞོན་གོང་འཕེལ་མ་དངུལ་འོག་གི་ ན་གཞོན་དཔལ་རི་ཨི་ཀོ་ཕེན་ལི་ཟེར་མི་གིས་ གསར་གཏོད་ཐོག་ལས་ སྦྱིས་མི་ནང་ལུ་ སྒོང་རྡོག་བཙུགས་སའི་ཧོད་བཟོ་ནི་ འགོ་བཙུགས་མི་དེ་གིས་ ཤོག་གུ་དང་འབྲེལ་བའི་ཕྱགས་སྙིགས་ཚུ་ མར་ཕབ་འབད་ཚུགས་ནི་ཨིན་པས།

འབྲུག་ན་གཞོན་ གོང་འཕེལ་མ་དངུལ་ཡིག་ཚང་གི་མདོ་ཆེན་ འཇིགས་མེད་འཕྲིན་ལས་ཀྱིས་ སླབ་མིའི་ནང་ འཕྲུལ་ཆས་དེ་གིས་ ཉིན་བསྟར་བཞིན་དུ་ སྒོང་རྡོག་བཙུགས་སའི་ཧོད་༤,༨༠༠ དེ་ཅིག་ བཟོ་ཚུགས་པའི་ ནུས་ཤུགས་ཡོད་ཟེར་ཨིནམ་ད་ ས་ཆའི་ས་གནས་སྟངས་ལུ་བརྟེན་ ཉིནམ་༡ ལུ་ ཧོད་༣,༠༠༠ ལས་བརྒལ་ བཟོ་ནི་མེད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ལོ་༡ ནང་ སྤྱིར་སྙོམས་ལུ་ སྒོང་རྡོག་བཙུགས་སའི་ ཧོད་ས་ཡ་༡ དེ་ཅིག་ བཟོ་དོ་ཟེར་ཨིནམ་ད་ སྒོང་རྡོག་གི་ལྷོད་ ནང་འདྲེན་འབད་མི་དེ་ བརྒྱ་ཆ་༥༠ དེ་ཅིག་ མར་ཕབ་འབད་ཚུགས་ཡོདཔ་མ་ཚད་ ཕྱགས་སྙིགས་དང་འབྲེལ་བའི་ སྟབས་མ་བདེཝ་ཡང་ བསལ་ཚུགས་ཏེ་ཡོད་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཧོད་བཟོ་ནིའི་འཕྲུལ་ཁང་དེ་ མི་སྡེའི་ཚོང་ལས་ཅིག་སྦེ་ གཞི་བཙུགས་འབད་ཡི་ཟེར་ཨིནམ་ད་ འཕྲུལ་ཁང་གིས་འོང་འབབ་ཚུ་ ན་གཞོན་དཔལ་རི་གིས་ སྨན་བཅོས་དང་ཀུན་སྤྱོད་བསྐྱར་གསོ་ལྟེ་བ་ལུ་ མ་དངུལ་རྒྱབ་སྐྱོར་འབད་དོ་ཡོད་པའི་ཁར་ ཕྱགས་སྙིགས་འཛིན་སྐྱོང་དང་ ན་གཞོན་སྨྱོ་རྫས་ལུ་ལང་ཤོར་ཐལ་མི་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ཡང་ སྤྲོད་དོ་ཡོདཔ་ཨིན་པས།

མདོ་ཆེན་དང་འཁྲིལ་བ་ཅིན་ ཧོད་བཟོ་ནིའི་འཕྲུལ་ཆས་དེ་ ས་ཆ་ཌེ་སི་མཱལ་༣༢ དེ་ཅིག་ནང་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིནམ་ད་ ས་གོ་དེ་ ཆུང་ནི་དེ་གིས་ ཧོད་སྐམ་ནི་ལུ་གདོང་ལེན་དང་ ཕྱགས་སྙིགས་ཀྱི་གོང་ཚད་ ཡར་སེང་འགྱོ་བའི་ གདོང་ལེན་ ཡོད་ཟེར་ཨིན་པས།

འཕྲུལ་ཁང་ནང་ལས་ བཟོ་སྐྲུན་འབད་མི་ཧོད་རེ་ལུ་ དངུལ་ཀྲམ་༣.༥ སྦེ་ བཙོང་དོ་ཟེར་ མདོ་ཆེན་གྱིས་བཤད་པའི་ཁར་ ཟླཝ་༡ ནང་ འོང་འབབ་དངུལ་ཀྲམ་༧༨,༠༠༠ དེ་ཅིག་ བཟོ་དོ་ཟེར་ཨིནམ་ད་ ཤོག་གུ་དང་འབྲེལ་བའི་ཕྱགས་སྙིགས་ཚུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༨.༤ རེ་ སྤྲོད་དོ་ཟེར་ཨིན་པས།

ན་གཞོན་དཔལ་རི་གིས་ ཧོད་མང་ཤོས་ཅིག་ ཀརྨ་ཚོང་འབྲེལ་ལུ་ བཙོང་དོ་ཟེར་ཨིནམ་ད་ དེ་ཡང་ ཀརྨ་ཚོང་འབྲེལ་གྱི་ངོ་ཚབ་དེ་ རྫོང་ཁག་༢༠ ནང་ ཡོད་ནི་དེ་གིས་ ཚོང་ལམ་ལེགས་ཤོམ་ཡོད་པ་གིས་མ་ཚད་ སྒོང་རྡོག་གི་ ཚོང་འབྲེལ་འཐབ་མི་ མང་ཤོས་ཅིག་ ཀརྨ་ཚོང་འབྲེལ་འབད་ནི་དེ་གིས་ ཨིན་པས།

འཕྲུལ་ཁང་ནང་ ལཱ་འབད་མི་ན་གཞོན་༦ བཙུགས་ཏེ་ཡོད་ཟེར་ མདོ་ཆེན་གྱིས་བཤད་པའི་ཁར་ ཟླཝ་རེ་ལུ་ དངུལ་ཕོགས་དངུལ་ཀྲམ་༨,༠༠༠ རེ་ སྤྲོད་དོ་ཟེར་ཨིནམ་ད་ ས་སྟོང་༢ སྨྱོ་རྫས་ལུ་ཤུགས་ཐལ་མི་ཚུ་གི་དོན་ལུ་ བཞག་སྟེ་ཡོད་ཟེར་ཨིན་པས།

ལས་འགུལ་འཛིན་སྐྱོང་པ་ ཀརྨ་གིས་ སླབ་མིའི་ནང་ ཉིནམ་རེ་ལུ་ ཧོད་བཟོ་ནིའི་དོན་ལས་ ཕྱགས་སྙིགས་ཤོག་ཀུ་རག་རོག་ཀེ་ཇི་༣༠༠ ལས་༤༠༠ གི་བར་ན་ ལག་ལེན་འཐབ་དོ་ཟེར་ཨིནམ་ད་ ཕྱགས་སྙིགས་ཚུ་ གི་རི་ནར་ཝེ་གིས་ བཀྲམ་སྤེལ་འབད་དོ་ཡོདཔ་ལས་ ས་གོ་ནང་ ཕྱག་སྙིགས་མེ་ཊིག་ཊཱོན་༢༠ དེ་ཅིག་ ཤོང་ཚུགས་ཟེར་ཨིན་པས།

འཕྲུལ་ཁང་གིས་ སྒོང་རྡོག་བཙུགས་སའི་ཧོད་ཚུ་ གོང་ཚད་མར་ཕབ་ཐོག་ལས་ བཙོང་དོ་ཡོདཔ་ད་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་ལུ་ ཕན་ཐོགས་ཡོདཔ་མ་ཚད་ ལཱ་གཡོག་གི་གོ་སྐབས་ཡང་ བཟོ་ཚུགས་དོ་ཡོདཔ་ལས་ མི་སྡེ་ནང་ ཕན་ཐོགས་བྱུང་སྟེ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

About admin

Check Also

ཕྱི་རྒྱལ་ལུ་འགྱོ་མི་ འབྲུག་མི་ཚུ་ལུ་ གཞུང་གིས་ གྲོགས་རམ་འབད་ནི་མ་གཏོགས་ བཀག་འཛིན་མེདཔ།

༉ འབྲུག་མི་བརྒྱ་ཕྲག་ལས་བཅད་མི་ཚུ་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ ལཱ་འབད་ནི་དང་འབྲེལ་ དཔེ་ཆ་ལྷབ་པར་འགྱོ་མི་དེ་ ནད་ཡམས་ཀོ་བིཌ་-༡༩ ལྷོད་ཡངས་བཏང་པའི་ཤུལ་ལས་ མང་སུ་ཐོན་དོ་ཡོདཔ་ད་ ལ་ལོ་ཅིག་གིས་ རྒྱལ་ཁབ་ནང་ ཞི་བའི་ཞབས་ཏོག་ཞུ་མི་ སྤུས་ཚད་ཅན་གྱི་མི་ཚུ་ བྱང་དོ་ཡོད་པའི་ཚ་གྱང་ཡོད་ལུགས་ཚུ་ བཤད་དོ་ཡོདཔ་ཨིན་པས། ལ་ལོ་ཅིག་གིས་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *