༉ ཀྲོང་གསར་ཁྲོམ་གྱི་ ས་ཁོངས་ནང་ སྦྱང་ནག་དར་ཁྱབ་སོང་མི་དེ་ ཐིམ་ཕུག་རྒྱལ་ཡོངས་སྔོ་ཤིང་སྲུང་སྐྱོབ་ལྟེ་བ་གིས་ ཁ་ཙ་ སྦྱང་ནག་དེ་ ཌར་ཝིང་ ཕང་གཱསི་ ནཱཊསི་ཟེར་མི་ འབུབ་ཅིག་ཨིན་པའི་ ངོས་འཛིན་བྱུང་ནུག།
ལྟེ་བའི་ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ འབུབ་དེ་གིས་ མིའི་གཟུགས་ཁམས་འཕྲོད་བསྟེན་ལུ་ ཉེན་ཁ་མེད་རུང་ གལ་སྲིད་ སྦྱང་ནག་གི་ གྱངས་ཁ་ཁྱབ་ཆེཝ་སྦེ་ དར་ཁྱབ་སོང་པ་ཅིན་ ལོ་ཐོག་ཚུ་གི་ རྩྭ་ཚུ་ལུ་ གནོད་སྐྱོན་དུམ་གྲ་རེ་འབྱུང་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ ཀརྨ་ཚེ་དབང་གིས་ སྦྱང་ནག་ཚུ་ རུལ་འགྱོ་མི་ རིགས་ཚུ་ནང་ལས་ སྐྱེས་དོ་ཡོདཔ་མ་ཚད་ འབུབ་དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་ལུ་ རུལ་བཏུབ་པའི་ ས་གོ་ཚུ་ མར་ཕབ་འབད་ནི་དང་ མཐའ་འཁོར་ལུ་ རློནམ་གི་རིགས་ མ་བཞག་པར་ ཧིང་སངས་ས་སྦེ་ བཞག་དགོཔ་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ དེ་བཟུམ་མའི་ འབུབ་དར་ཁྱབ་སོང་མི་དེ་ ཀྲོང་གསར་ལུ་ འགོ་དང་པ་ཨིན་པའི་ཁར་ སྦྱང་ནག་དེ་ཡང་ ཁྲོམ་ཁར་མ་གཏོགས་ ས་གནས་གཞན་ཁར་ ཐོན་ཡོད་པའི་ སྙན་ཞུ་མ་ལྷོད་ཟེར་ཨིན་པས།
སྤྱི་ལོ་༡༩༦༥ ལས་ར་ ཀྲོང་གསར་ལུ་ ཚོང་བཙོང་སྡོད་མི་ ཚེ་ལ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཚོད་ ལོ་ངོ་མང་རབས་ཅིག་སྡོད་རུང་ དེ་བཟུམ་མའི་ སྦྱང་ནག་ཚུ་ མཐོང་མ་མྱོང་ཟེར་ཨིནམ་ད་ ཧེ་མ་ འབད་བ་ཅིན་ དེ་བཟུམ་མའི་ འབུབ་དར་ཁྱབ་ འགྱོ་བའི་སྐབས་ ནད་ཡམས་མུ་གེ་འཐོན་ནིའི་ རྟགས་མཚན་ཨིནམ་སྦེ་ སླབ་སྲོལ་ཡོདཔ་བཞིན་དུ་ རིམ་གྲོ་ཚུ་ གཏང་ནིའི་ སྲོལ་ཡང་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པའི་གནས་ཚུལ།
ཀྲོང་གསར་ལས་ ཨོ་རྒྱན་རྡོ་རྗེ།