༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་རིམ་༢༡ པ་ འཚོགས་པའི་སྐབས་ སྦས་གླང་བྲག་གི་ ཟུར་ལམ་ཀི་ལོ་མི་ཊར་༢༢ རྩི་ནག་གཏང་ནི་ཡོད་མི་ལས་ ཀི་ལོ་མི་ཊར་༡༤ འཆར་གཞི་༡༢ པའི་ནང་ མཇུག་བསྡུ་ནི་སྦེ་ གྲོས་འཆར་བཙུགས་ཡོད་མི་ལུ་ ཚོགས་སྡེ་གིས་ ངོས་ལེན་འབད་ཡི།
དེ་ཡང་ ཚོགས་སྡེ་གིས་ འཁོར་ལམ་དེ་ རྩི་ནག་གཏང་ནིའི་དོན་ལུ་ ཐབས་ཤེས་ཚུ་ བཏོན་དགོ་པའི་སྐོར་ལས་ ཞུ་བ་འབད་མི་ལུ་ དངུལ་རྩིས་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ བཙུགས་ནི་སྦེ་ ལན་གསལ་ཡིག་ཐོག་ལུ་ ཕུལ་ཡོད་ནི་དེ་གིས་ཨིན་པས།
དབང་འདུས་ཕོ་བྲང་ཆུ་འཛོམས་ས་ལས་ སྦས་གླང་བྲག་གི་ཟུར་ལམ་ རྩི་ནག་གཏང་ནིའི་དོན་ལས་ སྤྱི་ཚོགས་༢ པའི་ཚོགས་ཐེངས་༩ པའི་ནང་ རྩིས་ལོ་༢༠༡༧-༡༨ ཀྱི་ འཆར་དངུལ་ས་ཡ་༡༣༠.༤༡༡ ཆ་འཇོག་གྲུབ་མི་ལུ་ ཚོགས་སྡེ་གིས་ ཚ་གྱང་ཡོད་པའི་སྐོར་ གཞུང་ལུ་སྙན་ཞུ་འབད་ནུག།
ཨིན་རུང་ ཞབས་ཏོག་ལྷན་ཁག་གིས་འབད་བ་ཅིན་ ལམ་རྩི་ནག་གཏང་ནིའི་དོན་ལུ་ འཆར་དངུལ་བགོ་བཀྲམ་འབད་འབདཝ་མེདཔ་ལས་ འཛོལ་སོང་ནུག་ཟེར་ཨིནམ་ད་ འཆར་དངུལ་དེ་ཡང་ རྒྱ་གར་གཞུང་ལས་ གྲོགས་རམ་ཐོག་ལས་ འཁོར་ལམ་གྱི་ ལས་སྣ་ཚུ་ནང་ ཚུད་དེ་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༢ པའི་ནང་ ཚོགས་སྡེ་གིས་ ཟུར་ལམ་དེ་ རྩི་ནག་གཏང་དགོཔ་སྦེ་ སྤྱི་ཚོགས་ལས་ གནང་བ་གྲུབ་མི་དེ་ འཆར་གཞི་ནང་མེད་ཟེར་ སྡོད་ནི་མེན་པར་ ཞབས་ཏོག་ལྷན་ཁག་དང་ དངུལ་རྩིས་ལྷན་ཁག་གིས་ ངོས་ལེན་འབད་དགོ་པའི་སྐོར་ལས་ བསྐྱར་ཞིབ་ཚོགས་ཁང་ནང་ གྲོས་ཆོད་གྲུབ་ནུག།
གལ་སྲིད་ ཞབས་ཏོག་ལྷན་ཁག་གིས་ འཛོལ་བ་བྱུང་སྟེ་ཡོད་པ་ཅིན་ སྤྱི་ཚོགས་ནང་ གྲོས་བསྡུར་འབད་ནིའི་དོན་ལུ་ ལོག་བཙུགས་དགོཔ་ད་ ཧེ་མ་ལས་ གྲོས་ཐག་བཅད་མི་དེ་ སྤྱི་ཚོགས་ཀྱིས་མ་གཏོགས་ འབད་མི་ཆོག་ནི་ཨིན་པས།
ཨིན་རུང་ དངུལ་རྩིས་ལྷན་ཁག་གིས་ ལན་གསལ་འབད་མི་དང་འཁྲིལཝ་ད་ ཞབས་ཏོག་ལྷན་ཁག་གིས་ འཁོར་ལམ་རྩི་ནག་གཏང་ནི་དེ་ གཙོ་རིམ་ཅན་གྱི་ ལས་སྣ་ཅིག་སྦེ་ བརྩི་འཇོག་འབད་དེ་ཡོདཔ་བཞིན་དུ་ ད་རེས་ མ་དངུལ་ས་ཡ་༢༥ ཐོག་ལུ་ འཁོར་ལམ་ཀེ་ལོ་མི་ཊར་༨ དེ་ཅིག་ རྩི་ནག་གཏང་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན་པས།
མགར་སའི་འཐུས་མི་ རྡོ་རྗེ་མཁའ་འགྲོ་གིས་ ཞུ་མིའི་ནང་ འཁོར་ལམ་དེ་ ད་ལྟོ་ གཞུང་དབང་ཚད་ཡོད་པའི་སྐབས་ མཐུད་སྦྲེལ་འབད་མ་ཚུགས་པ་ཅིན་ ཤུལ་ལས་ ལཱ་ཁག་གཏང་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་དེ་ རན་དོ་ཡོདཔ་ལས་ སྲིད་དོན་གྱི་ དབང་ལུ་ཤོར་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
ཆུ་འཛོམས་ས་དང་ སྦས་གླང་བྲག་གི་ ཟུར་ལམ་དེ་ རྒེད་འོག་༣ ནང་ མཐུད་སྦྲེལ་འབད་མི་ འཁོར་ལམ་གཙོ་ཅན་ཅིག་ཨིནམ་བཞིན་དུ་ དེ་གིས་ ཕངས་ཡུལ་དང་ ཀ་གཞི་ ཉི་ཤོ་རྒེད་འོག་༣ གྱི་ མི་སེར་༤,༠༠༠ དང་ ལྷག་པར་དུ་ སྦས་གླང་བྲག་ལུ་ གནས་སྐོར་འགྱོ་མི་ཚུ་ལུ་ཡང་ ཁེ་ཕན་འབྱུང་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།