སྤྲེལ་ཟླ་ཚེས་བཅུ་དང་ སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེ་ སྐུ་འཁྲུངས་པའི་ དུས་ཆེན་བརྩི་སྲུང་།

༉ ལོ་བསྟར་བཞིན་དུ་ རང་ཟླ་༥ པའི་ཚེས་༡༠ ལུ་ སྤྲེལ་ཟླ་ཚེས་བཅུ་ཟེར་ ཨྱོན་གུ་རུ་རིན་པོ་ཆེ་ སྐུ་འཁྲུངས་པའི་ དུས་ཆེན་ཁྱད་པར་ཅན་ བརྩི་སྲུང་ཞུཝ་བཞིན་དུ་ དུས་ཅིའི་ སྤྲེལ་ཟླ་ཚེས་བཅུ་དེ་ སྤྱི་ཟླ་༧ པའི་ཚེས་༣ ལུ་ཕོགཔ་ཨིན།
སྤྲེལ་ཟླ་ཚེས་བཅུ་དེ་ རང་ཟླ་༥ པའི་ཚེས་༡༠ དང་ ཟླ་༦ པའི་ཚེས་༡༠ ལུ་སྦེ་ བརྩི་སྲོལ་༢ ཡོད་རུང་ ད་ལྟོ་ རྒྱལ་ཁབ་ནང་ འབྲུག་ལུགས་བསྟན་རྩིས་དང་ ཕུགས་རྩིས་ཀྱི་ དགོངས་དོན་དང་མཐུནམ་སྦེ་ རང་ཟླ་༥ པའི་ཚེས་༡༠ ལུ་ བརྩི་སྲུང་འབདཝ་ཨིན།
གུ་རུ་རིན་པོ་ཆེ་དེ་ སྤྱིར་བཏང་དེ་བཞིན་གཤེགས་པ་ག་ར་གི་ གསུང་གི་བདག་ཉིད་ཨིན་པའི་ཁར་ ལྷག་པར་དུ་ ནུབ་ཕྱོགས་བདེ་བ་ཅན་ཞིང་ཁམས་ཀྱི་ མགོན་པོ་འོད་དཔག་མེད་ཀྱི་ཐུགས་ལས་ གསེར་གྱི་རྡོ་རྗེ་ཧྲཱྃ༔ གིས་མཚན་མི་ཅིག་ མེ་ཏོག་པདྨའི་སྦུག་ལུ་ ཕོག་མི་ལས་ སྐུ་འཁྲུངས་ཡོདཔ་ཨིན་པས།
དེ་ཡང་ གནས་ཕུན་སུམ་ཚོགས་པ་ དབུས་གྱུར་རྡོ་རྗེ་གདན་གྱི་ ནུབ་ཕྱོགས་དང་ ཨྱོན་ཡུལ་གྱི་ ལྷོ་ནུབ་ཁ་ཐུག་ དེ་ལས་ སྲིན་པོའི་ཡུལ་གྱི་ ཐག་ཉེ་སུ་ཡོད་མི་ དྷ་ན་ཀོ་ཤའི་མཚོའམ་ སྲིན་དྷུའི་མཚོ་གླིང་ལས་ སྐུ་འཁྲུངས་ཡོདཔ་བཞིན་དུ་ མཁས་པ་ལ་ལོ་ཅིག་གིས་ དྷ་ན་ཀོ་ཤའི་མཚོ་དེ་ པཱ་ཀིསི་ཏཱན་གྱི་ས་གནས་ སོ་ཝཱཌ་དང་ ལ་ལོ་ཅིག་གིས་ རྒྱ་གར་ཨོ་ཌི་ས་ཨིནམ་སྦེ་ བཤད་སྲོལ་ཡོདཔ་ད་ དུས་ཕུན་སུམ་ཚོགས་པ་ སངས་རྒྱས་སྐུ་མྱ་ངན་འདས་ཏེ་ ལོ་༥ གི་ཤུལ་ལས་ ཤིང་སྤྲེལ་གྱི་ལོ་ལུ་ ཕ་མེད་མ་མེད་ ཁ་དོག་སྣ་ཚོགས་དང་ལྡནམ་སྦེ་ མེ་ཏོག་པདྨའི་སྦུབས་ལས་ སྐུ་འཁྲུངས་ནུག།
སྐུ་འཁྲུངས་པའི་སྐབས་ཡང་ ལོ་ན་༨ དང་ལྡན་པའི་ ན་ཆུང་བཟུམ་ཅིག་ལུ་ འཁྲུངས་ཡོདཔ་ད་ མཚན་དང་དཔེ་བྱད་ཆ་ཚང་ སྐུ་ལུ་ཡོངས་སུ་རྫོགས་ཏེ་ ཕྱག་གཡསཔ་ལུ་ རྡོ་རྗེ་དང་ གཡོནམ་ལུ་ པདྨ་བསྣམས་ཏེ་ པད་སྡོང་གི་ རྩེ་ལུ་བཞུགསཔ་ད་ ནུབ་ཕྱོགས་ཨྱོན་ཡུལ་གྱི་རྒྱལཔོ་ ཨིན་དྲ་བོ་དྷི་བར་པ་ལུ་ སྲས་མེདཔ་ལས་ དཀོན་མཆོག་ལུ་ མཆོད་པ་དང་ ངན་སློང་ལུ་ སྦྱིན་པ་བཏང་སྟེ་ བང་མཛོད་རྫོགས་སོཔ་ལས་ རྒྱ་མཚོའི་གླིང་ལས་ ཡིད་བཞིན་ནོར་བུ་ ལེན་པར་སོང་སྟེ་ ལོག་བྱོན་པའི་ལམ་ཁར་ ཆོས་བློན་ཏྲིག་པ་འཛིན་གྱིས་ ལོ་ན་༨ པའི་ལྡན་པའི་ གུ་རུ་དེ་མཇལ་ཏེ་ རྒྱལཔོ་ལུ་ཞུཝ་ད་ རྒྱལཔོ་གིས་ པདྨའི་སྡོང་པོ་ལས་ གུ་རུ་ཚུར་ལེན་ཞིནམ་ལས་ ས་ལུ་བཞག་པའི་སྐབས་ པདྨའི་གདན་ལོག་ཅི་ར་ བྱུང་མི་ལུ་བརྟེན་ མཚན་ཡང་པདྨ་འབྱུང་གནས་ཟེར་ ཞུ་ཡོདཔ་མ་ཚད་ རྒྱལཔོ་གིས་ དྲི་བ་ཡང་༥ དེ་ཅིག་ ཞུ་བ་ཡོདཔ་ཨིན་པས།
དེ་ཡང་ ཁྱོད་ཀྱི་ཡབ་དང་ཡུམ་ག་སྨོ? གཡུས་ག་ཏེ་ལས་སྨོ? གསོལ་ཚོགས་ག་ཅི་བཞེསཔ་སྨོ? ཕྱག་ལཱ་ག་ཅི་སྨོ་ཟེར་ ཞུ་བའི་སྐབས་ གུ་རུ་གིས་ ང་ཡི་ཕ་ནི་རིག་པའི་ཡེ་ཤེས་ཡིན། །མ་ནི་དབྱིངས་ཕྱུག་ཀུན་ཏུ་བཟང་མོ་ཡིན། །ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད་པ་ཡིན། །རིགས་ནི་དབྱིངས་རིག་གཉིས་སུ་མེད་པར་གཏོགས། །ཟས་སུ་གཉིས་སྣང་རྟོག་པ་ཟ་བ་ཡིན། །འདི་ན་ཉོན་མོངས་གསོད་པའི་སྤྱོད་པ་སྐྱོང་། །ཟེར་གསུངམས་ལས་ ཡ་མཚན་གྱི་ གནས་ལུ་གཟིགས་ཏེ་ ཕོ་བྲང་ནང་ གདན་དྲངས་ཞིནམ་ལས་ སྲས་ཀྱི་ཚབ་སྦེ་ རྒྱལ་སྲིད་ཕུལ་ མཚན་ཡང་མཚོ་སྐྱེས་རྡོ་རྗེ་ཟེར་གསོལ་ཏེ་ བཞུགས་ཡོདཔ་ཨིན་པས།
ཨྱོན་གུ་རུ་རིན་པོ་ཆེ་གིས་ འབྲུག་རྒྱལ་ཁབ་ནང་ ལན་ཐེངས་༣ ཞབས་ཀྱིས་བཅགས་ཏེ་ བདུད་དང་ འདྲེ་སྲིན་ཚུ་ དམ་བཏགས་ཡོད་མི་དེ་ ཐེ་ཚོམ་ག་ནི་ཡང་མེདཔ་ད་ བུམ་ཐང་གི་རྒྱལཔོ་ སྲིན་དྷུ་ར་ཛ་གིས་ མགྲོན་བརྡ་དང་བསྟུན་ འགོ་དང་པ་ ཞབས་བཅགས་གནང་པའི་སྐབས་ བུམ་ཐང་སྐུ་རྗེས་བྲག་དང་ ཀུན་བཟང་བྲག་ མེ་འབར་མཚོ་དང་ འབྲུག་དབུས་ཕྱོགས་ཀྱི་ ས་ཁོངས་མང་རབས་ཅིག་ནང་ ཞབས་བཅགས་ བྱིན་གྱིས་བརླབས་གནང་ཡོདཔ་ཨིན་པས།
འབྲུག་ལུ་ ཐེངས་༢ པ་ ཞབས་བཅགས་གནང་མི་དེ་ གུ་རུ་རིན་པོ་ཆེ་ བོད་བསམ་ཡས་ལྷ་ཁང་ བཞེངས་ཚར་ཏེ་ བོད་ལས་ལོག་བྱོན་པའི་སྐབས་ལུ་ཨིནམ་ད་ དེ་བསྒང་ བཀྲིས་གཡང་རྩེ་ལུ་ ཨོཾ་སྦ་གནས་དང་ མོང་སྒར་ལུ་ ཨཱ༔བརྒྱ་གནས་ དེ་ལས་ ལྷུན་རྩེ་ལུ་ སེངྒེ་རྫོང་ལ་སོགས་པའི་ སྦས་གནས་ཁྱད་པར་ཅན་༡༠ དེ་ཅིག་ ཞབས་བཅགས་ བྱིན་གྱིས་བརླབས་གནང་ནུག།
དེ་ལས་ གུ་རུ་རིན་པོ་ཆེ་དང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་༢ སྤ་རོ་སྟག་ཚང་ལུ་ འཕུར་བྱོན་ཡོདཔ་བཞིན་དུ་ དེ་ཁར་ སྤ་རོ་བྲག་དཀར་པོ་དང་ རྫོང་བྲག་ ར་རྒོད་ ཆིམ་ཕུག་ སྦས་ཡུལ་རིན་ཆེན་གཤོང་ཚུ་ནང་ ཞབས་ཀྱིས་བཅགས་གནང་པའི་ཤུལ་ལས་ ལྷོ་ནུབ་ཧཱ་གསང་སྦས་ཁ་ཚུན་ བྱོན་ཞིནམ་ལས་ གུ་རུ་རིན་པོ་ཆེ་དང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་༢ ཇོ་མོ་ལྷ་རི་ལས་སྦེ་ ལོག་བོད་ལུ་ འཕུར་བྱོན་ཡོད་པའི་ལོ་རྒྱུས་འདུག།
གུ་རུ་རིན་པོ་ཆེ་གིས་ རྒྱལ་ཁབ་ནང་ ཐེངས་༣ པ་ ཞབས་བཅགས་གནང་མི་དེ་ མཇུག་ཨིནམ་ད་ དེ་བསྒང་ ལྷོ་ནུབ་སྲིན་པོའི་གཡུས་ལུ་ བྱོན་ཡོདཔ་བཞིན་དུ་ ཐིམ་ཕུག་དང་ སྤུ་ན་ཁ་ དབང་འདུས་ཕོ་བྲང་ཚུ་ནང་ སྦས་གནས་ཁྱད་པར་ཅན་༢༡ དེ་ཅིག་ བྱིན་གྱིས་བརླབས་གནང་པའི་ཤུལ་ལས་ དར་དཀར་ནང་དང་ མཐའ་ནམ་མཁའ་རྫོང་ སྦས་ཡུལ་སྒོམ་བྲག་བརྒྱུད་དེ་ ལྷོ་ཕྱོགས་ཁ་ཐུག་ བྱོན་ཡོདཔ་ཨིན་པས།
སྤ་རོ་སྟག་ཚང་དེ་ སྤྱི་ལོ་༧༤༧ ལས་ ཡོངས་གྲགས་སོང་མི་དེ་ཡང་ དེ་བསྒང་ གུ་རུ་གིས་ སྐུ་ཁྲོ་བོ་སྦེ་ རྡོ་རྗེ་གྲོ་ལོད་ལུ་ སྤྲུལ་ཐོག་ལས་ རྟ་གུ་ཆིབས་ཏེ་ ས་ཁོངས་དེ་ནང་ བྱོན་ཞིནམ་ལས་ ལུང་ཕྱོགས་དེ་ནང་ འདྲེ་གདོན་འབྱུང་པོ་ཚུ་ དམ་བཏགས་པའི་ཤུལ་ལས་ ད་རེས་ དཔལ་ཕུག་ལྷ་ཁང་བཞེངས་སའི་ བྱག་ཕུག་བྱིན་རླབས་ཅན་དེ་ནང་ སྒྲུབ་པ་གནང་སྟེ་ བཞུགས་ཡོདཔ་ཨིན་པས།
གསང་སྔགས་ཀྱི་ ཆོས་འབྱུང་དང་འཁྲིལཝ་ད་ ས་གནས་ཀྱི་ གནས་བདག་ཚུ་ དམ་བཏགས་གནང་མི་ཚུ་ ནང་པ་སངས་རྒྱས་པའི་ སྲུང་མ་སྦེ་ བསྐོས་གནང་མིའི་གྲས་ལས་༡ ད་རེས་ནངས་པར་ སེངྒེ་བསམ་གྲུབ་དེ་ སྟག་ཚང་གི་ བཀའ་སྲུང་སྦེ་ ངོས་འཛིན་འབདཝ་ཨིན་པས།
སྤྲེལ་ཟླའི་ཚེས་བཅུ་སྐབས་ གཞུང་འབྲེལ་ངལ་གསོ་བཞག་མི་དེ་ཡང་ ཨྱོན་གུ་རུ་གིས་ དུས་རབས་༨ པའི་ནང་ རྒྱལ་ཁབ་ནང་ ཞབས་བཅགས་ཏེ་ བདུད་བཏུལ་ གསང་སྔགས་ཀྱི་ ཆོས་འཁོར་བསྐོར་ ས་གཞིས་ག་ར་ སྦས་གནས་ཁྱད་པར་ཅན་ལུ་ བྱིན་གྱིས་བརླབས་ གཏེར་ཁ་སྦས་ ཚོགས་བསག་གི་རྟེན་ ཞབས་དང་ཕྱག་ལ་སོགས་པའི་ སྐུ་རྗེས་མང་རབས་ཅིག་ བཞག་གནང་མི་ལུ་ བཀྲིན་བསམ་ཐབས་ལུ་ཨིན་པས།
དེ་བཟུམ་སྦེ་ ཨྱོན་གུ་རུ་གིས་ ལྷོ་མོན་ལྗོངས་ཀྱི་ དུས་ངན་སྙིགས་མའི་ སེམས་ཅན་ཚུ་གི་ སྡུག་བསྔལ་སྐྱབས་ནིའི་ ཞལ་གྱིས་བཞེས་གནངམ་ལས་ སྤྲེལ་ཟླ་ཚེས་བཅུའི་སྐབས་ ཨྱོན་གུ་རུ་རིན་པོ་ཆེ་ལུ་ དད་མོས་ཀྱི་སྒོ་ལས་ གསོལ་བ་བཏབ་པ་ཅིན་ ཚེ་འདི་ཕྱི་༢ ཆ་ར་ལུ་ བྱིན་རླབས་དང་ དངོས་གྲུབ་འཐོབ་ནི་མས་ཟེར་ ཞུ་ནི་ཨིན།

སྐལ་བཟང་དབང་ཕྱུག

About admin

Check Also

རྒྱལ་ཁབ་ནང་ བདེ་སྲུངཔ་བསྡོམས་༣༤,༩༣༩ ལུ་ལྷོད་ཡོདཔ།

ཁ་ཙ་ སློབ་སྦྱོང་ས་ཁོངས་༧ ལས་ ཤོ་ཐེངས་༥༤ པའི་དུས་ཐུང་བདེ་སྲུང་སྦྱོང་བརྡར་ལས་རིམ་ མཇུག་བསྡུ་ཡོདཔ་ཨིན་པས།ཤོ་ཐེངས་༥༤ པའི་ནང་ ཕོ་སྐྱེས་༡,༡༧༣ དང་ ཨམ་སྲུ་༡,༠༨༧ འབདཝ་ད་ ངོ་རྐྱང་བསྡོམས་༢,༢༦༠ གིས་ བསམ་རྩེ་བརྟན་འབྲུག་བྱང་སེང་༡ པ་དང་ …

Leave a Reply

Your email address will not be published. Required fields are marked *