༉ ལྷུན་རྩེ་སྒང་ཟུར་རྒེད་འོག་ རོ་ཏ་དང་ ཐིམ་ཡུལ་གཡུས་ཚན་༢ མཐུད་སྦྲེལ་འབད་མི་ རོ་ཏ་སྤྲིང་ཟམ་ འཕྱགས་བདའ་ཡོདཔ་མ་ཚད་ ཐིམ་ཡུལ་དང་ སྐྱིད་ལུང་བར་ནའི་ སྤྲིང་ཟམ་གྱི་ གཞི་རྟེན་དེ་ཡང་ སྒྲིང་སྒྲི་མེདཔ་བཟོ་དཔ་ལས་ མི་སེར་ཚུ་ལུ་ རྒྱུན་འགྲུལ་གྱི་ དཀའ་ངལ་སྦོམ་ བྱུང་སྟེ་འདུག།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ ཤ་བའི་གཡུས་ཚན་ལས་ ས་རུད་དང་ ཆུ་རུད་ཐོནམ་ད་ ས་ཞིང་དང་ སྒོ་ནོར་སེམས་ཅན་ གློག་ཀཝ་ ཆུ་གཡུར་ འཐུང་ཆུ་ཚུ་ འཕྱགས་བདའ་བའི་སྐབས་ རོ་ཏ་སྤྲིང་ཟམ་ཡང་ འཕྱགས་འབག་ཡོདཔ་ཨིན་པས།
སྤྲིང་ཟམ་མེད་མི་ལུ་བརྟེན་ ཁྱིམ་གུང་༩ ཡོད་མི་ རོ་ཏ་དང་ ཁྱིམ་གུང་༣ འབད་མི་ ཐིམ་ཡུལ་གྱི་ གྲོང་གསེབ་མི་སེར་ དེ་ལས་ ཐིམ་ཡུལ་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་དང་ སྣག་ཚང་དགེ་འདུན་སློབ་གྲྭའི་ དགེ་སློང་ཚུ་གི་ རྒྱུན་འགྲུལ་ལུ་ ཐོ་ཕོག་ནུག།
དེ་མ་ཚད་ སྣག་ཚང་གི་ལྟག་ལུ་ ལྷ་ཁང་རྙིངམ་དེ་ནང་ དྲོ་པ་དང་ ཕྱི་རུ་བསང་མཆོད་ཕུལ་ནི་དང་ གསོལ་ཁ་གཏང་ནིའི་དོན་ལུ་ དགེ་སློང་ཚུ་ གཏང་མ་ཚུགས་པར་ བདུན་ཕྲག་༢ ལྷག་ཡོད་མི་དེ་ཡང་ རྔ་དོང་དོང་ཆུ་གིས་ རོ་ཏ་སྤྲིང་ཟམ་འཕྱགས་བདའ་མི་ལུ་བརྟེན་ཨིན་པས།
རོ་ཏ་ལས་ སློབ་ཕྲུག་ཅིག་གི་ཕམ་ ཟླ་བ་གིས་ སླབ་མིའི་ནང་ སྤྲིང་ཟམ་མེད་མི་ལུ་བརྟེན་ ཁོང་གི་ ཨ་ལོ་ཚུ་ ལམ་གཞན་ཁ་ལས་སྦེ་ སློབ་གྲྭ་ནང་བཏངམ་ད་ དུས་ཡུན་ཆུ་ཚོད་༢ དང་༣ དེ་ཅིག་ འགོར་དོ་ཡོདཔ་ལས་ ལམ་བདའ་སྟེ་ རི་དྭགས་སེམས་ཅན་གྱིས་ གནོདཔ་མི་བཀལ་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ད་རུང་ ཀུར་རི་ཆུ་དང་ རོ་ཏ་ལས་བབས་མི་ ཆུ་ཆེན་༢ འཛོམས་པའི་འོག་ལུ་ སྐྱིད་ལུང་སྤྲིང་ཟམ་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༨ ཀྱི་ཆརཔ་ལུ་བརྟེན་ གནོད་སྐྱོན་རྐྱབ་ཡོདཔ་ལས་ ཐིམ་ཡུལ་དང་ སྐྱིད་ལུང་གཡུས་ཚན་༢ ཀྱི་བར་ན་ རྒྱུན་འགྲུལ་འཐབ་ནི་དེ་ གནོད་ཉེན་ཅན་ཅིག་ལུ་ གྱུར་ཏེ་འདུག།
སྣག་ཚང་དགེ་འདུན་སློབ་གྲྭའི་ སློབ་དཔོན་པདྨ་དབང་དྲག་གིས་ སླབ་མིའི་ནང་ ཐིམ་ཡུལ་སློབ་ཕྲུག་ཚུ་གི་དོན་ལུ་ ལྷུན་རྩེ་ཁྲོམ་ཁ་ལས་ རྒྱགས་སྐལ་འབག་འོང་ནི་དང་ རྫོང་ཁག་ནང་ འགྱོ་ནི་ལུ་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིན་པས།
སྐྱིད་ལུང་སྤྲིང་ཟམ་གྱི་ གཞི་རྟེན་སྒྲིང་སྒྲི་མེད་རུང་ མི་ཚུ་གིས་ ཉེན་ཁ་འབག་ཐོག་ལས་ བརྒལ་འགྱོ་བའི་བསྒང་།
ཁོ་གིས་ སླབ་མིའི་ནང་ སྤྲིང་ཟམ་ལག་ལེན་ཐོག་ ཡོད་པའི་སྐབས་ དུས་ཡུན་སྐར་མ་༡༠ དང་༡༥ འི་བར་ན་ གཙང་ཆུའི་ཕར་ཁ་ ལྷོད་ཚུགསཔ་ཨིན་རུང་ ད་རེས་ནངས་པར་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ འགོརཝ་མས་ཟེར་ཨིན་པས།
ས་གནས་ཁར་སྡོད་མི་ ཉིམ་སྒྲོལ་མ་གིས་ སླབ་མིའི་ནང་ ཆུ་རུད་ཀྱིས་ མོ་གི་ ས་ཞིང་ཆུང་ཀུ་དེ་ འཕྱགས་བདའ་ཡོདཔ་མ་ཚད་ ཆུ་ཕར་ཁ་ འགྱོ་དགོ་མནོ་རུང་ སྤྲིང་ཟམ་གྱི་གནས་སྟངས་ སྐྱོ་སི་སི་ཡོད་མི་ལུ་བརྟེན་ སོ་ནམ་གྱི་ ལཱ་འབད་ནི་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།
སྐྱིད་ལུང་དང་ སོམ་ཤིང་སྤྱི་འོག་གི་ཚོགས་པ་ བསོད་ནམས་ལྷ་མོ་གིས་ སླབ་མིའི་ནང་ སྐྱིད་ལུང་ཟམ་གྱི་ གནས་སྟངས་འདྲོག་སི་སི་ ཐལ་བའི་ཤུལ་ལས་ མི་སེར་ཚུ་ ཟམ་དེ་གུ་ལས་ རྒྱུན་འགྲུལ་འབད་ནི་ བཀག་འཛིན་འབད་ཡོདཔ་ཨིན་རུང་ མི་རེ་གཉིས་ཀྱིས་ ཉེན་ཁ་འབག་སྟེ་ འགྱོཝ་མས་ཟེར་ཨིན་པས།
ཟམ་གནོད་ཉེན་ཡོད་པའི་སྐོར་ རྒེད་འོག་བདག་སྐྱོང་གིས་ རྫོང་ཁག་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ རྫོང་ཁག་འགོ་དཔོན་ཚུ་ ཞིབ་དཔྱད་འབད་བར་ ས་གནས་དེ་ནང་ འོང་ཡོདཔ་ཨིན་པས།
ཚོགས་པ་བསོད་ནམས་ལྷ་མོ་གིས་ སླབ་མིའི་ནང་ ཟམ་དེ་ལུ་བརྟེན་ སྐྱིད་ལུང་གཡུས་ཚན་ནང་ ཁྱིམ་གུང་པ་༤༠ ལྷགཔ་ཅིག་གིས་ ཐིམ་ཡུལ་ལུ་ཡོད་པའི་ ཆུ་ཞིང་ནང་ ལཱ་འབད་བར་ འོང་ནི་དང་ རྟ་དྲེལ་ཚུ་གིས་ རྒྱགས་སྐལ་སྐྱེལ་འདྲེན་འབད་ནི་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།
ལྷུན་རྩེ་རྫོང་བདག་ འཇམ་དཔལ་དབང་ཕྱུག་གིས་ སླབ་མིའི་ནང་ ཆུ་རུད་ཀྱི་ རྐྱེན་ངན་བྱུང་པའི་ཤུལ་ལས་ མི་སེར་ཚུ་ སྐྱིད་ལུང་སྤྲིང་ཟམ་ལས་ ལམ་འགྲུལ་འབད་ནི་ བཀག་འཛིན་འབད་དེ་ རྒེད་འོག་གི་ ཉེ་འདབས་ལུ་ཡོད་པའི་ སྤྲིང་ཟམ་དེ་ ལག་ལེན་འཐབ་བཅུག་དོ་ཟེར་ཨིན་པས།
དེ་མ་ཚད་ རོ་ཏ་གཡུས་ཚན་གྱི་ སློབ་ཕྲུག་ཚུ་ རྫོང་ཁག་གི་ ཁ་ཐུག་ལས་ ཕྱི་རུ་ལྟོ་ཐོབ་ཀྱི་ སློབ་གྲྭ་ནང་ གནས་སྐབས་ཅིག་གི་དོན་ལུ་ བཏང་ཡོད་རུང་ ཕམ་ཚུ་གིས་ བཏང་མ་བཏུབ་པར་ཡོདཔ་ལས་ གདོང་ལེན་བྱུང་སྟེ་ཡོད་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པའི་གནས་ཚུལ།
ཐིམ་ཡུལ་ལས་ བཀྲིས་ཕུན་ཚོགས།