རྩི་རང་དུང་ལ་སྒང་རྒེད་འོག་ནང་ སྤྱིར་བཏང་འཛོམས་འདུ་ མཇུག་བསྡུ་བའི་ཤུལ་ལུ་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ བརྡ་བྱང་ཚུ་ལུ་ ལེགས་ཤོམ་སྦེ་ བལྟ་བའི་བསྒང་།

སྤྱིར་སྙོམས་འཛོམས་འདུ་ནང་ མི་སེར་ཚུ་ལུ་ བརྡ་དོན་གྱི་དཀའ་ངལ།

༉ སྤྱི་ཟླ་༨ པའི་ཚེས་༢༧ གྱི་ དྲོ་པ་ཆུ་ཚོད་༩.༡༥ དེ་ཅིག་ལུ་ རྩི་རང་མཚོ་གླིང་མཁར་གྱི་ སྤྱིར་སྙོམས་འཛོམས་འདུ་ནང་ སྲིད་ཚོགས་༤ འི་ངོ་ཚབ་༤ ལས་༢ ཀྱིས་ དུས་ཡུན་སྐར་མ་༡༣ གྱི་ གསལ་བཤད་མཇུག་མ་བསྡུཝ་ལས་ར་ མི་སེར་ཚུ་གིས་ རང་སོའི་རྐང་ཁྲི་ཚུ་ ཕར་ཚུར་འདྲུད་འཐེན་འབད་བའི་ཁར་ འགྲུལ་འཕྲིན་ཚུ་ལུ་ བལྟ་ནི་དང་ གཅིག་གིས་གཅིག་ལུ་ མར་མུར་སླབ་ནི་ འགོ་འཙུགས་པའི་ མཐོང་སྣང་བྱུང་ནུག།
དེ་བཟུམ་མའི་ མཐོང་སྣང་བྱུངམ་ད་ གསལ་བཤད་འབད་མིའི་ ཁ་ཐུག་ལས་ མི་སེར་ཚུ་ དྲན་བཀུག་འབད་མ་ཚུགསཔ་ཨིན་ན་ཡང་ཅིན་ མི་ཚུ་གིས་ གསལ་བཤད་དེ་ ཧ་མ་གོཝ་ཨིན་ན་ བརྡ་མཚོན་སྟོན་ཡོདཔ་ད་ འཛོམས་འདུའི་ཤུལ་ལས་ མི་ཚུ་ལུ་དྲིཝ་ད་ ཁ་སྐད་ཧ་མ་གོ་མི་ལུ་བརྟེན་ དབངཔོ་ངལཝ་མས་ཟེར་ བཤདཔ་ཨིན་པས།
སྤྱིར་སྙོམས་འཛོམས་འདུ་ནང་ ཁ་སྐད་ཧ་མ་གོ་མི་དེ་ མི་སེར་ཚུ་ལུ་ གདོང་ལེན་ཅན་ཅིག་ཨིནམ་ད་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ སྤྱིར་སྙོམས་འཛོམས་འདུ་སྐབས་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་དེ་ ལག་ལེན་འཐབ་དགོ་པའི་ ཡིག་ཐོག་གི་ ལམ་སྟོན་ཅིག་ཡོདཔ་བཞིན་དུ་ ཁ་སྐད༌གཞན་ཚུ་ནང་ སླབ་མ་ཆོགཔ་སྦེ་ ཡོདཔ་ཨིན་པས།
མི་ཚུ་གིས་ ཁ་སྐད་ཧ་མ་གོ་མི་ལུ་བརྟེན་ རྒེད་འོག་གི་ འཛོམས་འདུ་ཚུ་ནང་ཡང་ ཁུ་སིམ་སི་སྦེ་ སྡོད་དོ་ཡོདཔ་ད་ ཚོགས་རྒྱན་བཙུགས་མི་ཚུ་གིས་ སླབ་མིའི་ནང་ སྤྱིར་སྙོམས་འཛོམས་འདུ་ལས་ སྲིད་དོན་ཚོགས་པ་ཚུ་གི་ འདེམས་ངོ་ཚུ་ ངོ་ཤེས་ནི་ལུ་ ལྷན་ཐབས་བྱུངམ་ཨིན་རུང་ རྫོང་ཁ་ཧ་མ་གོ་ལུ་བརྟེན་ འདེམས་ངོ་ཚུ་གིས་ གསལ་བཤད་འབད་མི་ཚུ་ ལེགས་ཤོམ་སྦེ་ ཧ་གོ་མི་ཚུགས་པས་ཟེར་ཨིན་པས།
འཛོམས་འདུ་ནང་ འདེམས་ངོ་ཚུ་གིས་ མི་སེར་ཚུ་ལུ་ དགོས་མཁོ་དང་ རྒྱལ་ཁབ་དེ་ ག་དེ་སྦེ་ སྐྱོང་ནི་ཨིན་ནའི་སྐོར་ གསལ་བཤད་འབདཝ་ཨིན་པས།
དུང་ལ་སྒང་ལས་ པཱལ་མཱན་ཅུ་ཝཱན་གྱིས་ སྲིད་ཚོགས་དང་ འདེམས་ངོའི་སྐོར་ལས་ གཡུས་སྒོ་ཚུ་ནང་ དར་ཁྱབ་སོང་སྟེ་ཡོད་རུང་ ཚོགས་པ་ཚུ་གི་ ཁས་བླངས་གསལ་བསྒྲགས་དེ་ རང་སོའི་འདེམས་ངོ་ཚུ་ལས་མ་གཏོགས་ ཤེས་མི་ཚུགས་པས་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲིད་དོན་ཚོགས་པ་ཚུ་གི་ ལྟ་བ་དང་ ཁས་བླངས་ཚུ་ ཁྱད་པར་བལྟ་ནི་དེ་ གལ་གནད་ཅན་ཅིག་ཨིན་རུང་ ཁ་སྐད་ཧ་མ་གོ་མི་དེ་གིས་ འབད་མི་ཚུགས་པའི་ཁར་ སྲིད་དོན་ཚོགས་པ་ དྲག་ཤོས་གདམ་འཐུ་འབད་ནི་ལུ་ཡང་ ཐོ་ཕོག་ནི་མས་ཟེར་ཨིན་པས།
ད་རེས་ནངས་པར་ གཡུས་ཁའི་མི་སེར་ མང་ཤོས་ཅིག་ སྤྱིར་སྙོམས་འཛོམས་འདུ་ནང་ བཅའ་མར་གཏོགས་དོ་ཡོད་རུང་ སྐྱེས་ལོ་༥༠ ལང་མི་ སཱན་ཅ་མ་ཡ་དེ་ ཁྱིམ་ནང་ལཱ་འབད་སྡོད་ཡོདཔ་ཨིན་པས།
ཨིན་རུང་ མོ་རའི་ཚབ་སྦེ་ བུ་བཏང༌མི་དེ་ཡང་ གསལ་བཤད་དེ་ ཁོ་གིས་ ཧ་གོ་མི་ལུ་བརྟེན་ཨིནམ་ད་ བུ་དེ་གིས་ ཁྱིམ་ནང་ལྷོད་པའི་སྐབས་ སླབ་བྱིན་དོ་ཡོདཔ་མ་ཚད་ ཚོགས་པ་དེ་ ག་དྲག་ནི་བཟུམ་ཡོདཔ་ཨིན་ན་ སླབ་དོ་ཟེར་ སཱན་ཅ་མ་ཡ་གིས་ བཤདཔ་ཨིན་པས།
སཱན་ཅ་མ་ཡ་མོ་ར་ འཛོམས་འདུ་ནང་ མ་འགྱོ་མིའི་ གནད་དོན་དེ་ མོ་ར་ རྣམ་ཅོག་མ་གོ་ནི་དེ་གིས་ཨིན་པས།
གསེར་གྱི་ཐང་-རྩི་རང་སྟོད་འདེམས་ཁོངས་ཀྱི་ འདེམས་ངོ་༤ གིས་ རྫོང་ཁ་ནང་ གསལ་བཤད་འབད་ཡོད་མི་ཚུ་ མི་སེར་ཚུ་གི་ཧོངས་ལས་ ལེགས་ཤོམ་སྦེ་ གོ་བ་ལེན་ཡོད་མེད་ཀྱི་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།
སྤྱིར་སྙོམས་འཛོམས་འདུ་ འགོ་འདྲེན་མ་འཐབ་པའི་ཧེ་མར་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ གར་ཇ་མཱན་ རའི་གིས་ ལྷན་ཚོགས་ལུ་ རྫོང་ཁའི་གསལ་བཤད་དེ་ དོར་ཁ་སྒྱུར་ཐོག་ལས་ ལྷོ་མཚམས་ཀྱི་ ཁ་སྐད་ནང་ འབད་ཆོག་པའི་ གྲོས་འཆར་བཙུགས་རུང་ ལྷན་ཚོགས་ཀྱིས་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གྲོས་འཆར་དེ་ཡང་ གསལ་བཤད་ག་ར་ ལྷོ་མཚམས་སྐད་ཐོག་ལུ་མེན་པར་ སྐར་མ་དག་པ་ཅིག་ དོར་ཁ་སྒྱུར་ནིའི་ གནང་བ་གནང་ཐབས་ལུ་ བཙུགས་ཅི་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀི་ཝཱལ་རམ་ ཀ་དཱི་ཀ་རི་གིས་ སླབ་མིའི་ནང་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ལེགས་ཤོམ་སྦེ་ བརྡ་སྤྲོད་ནི་ལུ་ ཁ་སྐད་ཧ་གོ་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པའི་འདེམས་ངོ་ ཌ་མར་གི་མི་རེ་གིས་ སླབ་མིའི་ནང་ ཚོགས་པའི་ནང་ ཁ་སྐད་དེ་ དོ་འགྲན་ཅན་ཅིག་ལུ་ གྱུར་ཏེ་ཡོདཔ་ལས་ འདེམས་ངོ་ཚུ་གིས་ ཁ་སྐད་སླབ་ཐངས་ལུ་ བལྟ་ནི་མ་གཏོགས་ བརྡ་དོན་ལུ་ མི་བལྟ་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ནོ་བིན་ དར་ལ་མི་གིས་ སླབ་མིའི་ནང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཁ་སྐད་ཧ་གོ་ཐོག་ལས་ གོ་དོན་ལེགས་ཤོམ་སྦེ་ ལེན་ནི་དེ་ ཁག་ཆེ་མི་ལུ་བརྟེན་ དོར་ཁ་སྒྱུར་མི་ཡོད་པ་ཅིན་ ལྷན་ཐབས་འབྱུང་ནི་མས་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *