ནོར་བུ་སྒང་རྒེད་འོག་ གའི་རི་གཱོན་གཡུས་ཚན་གྱི་ སོ་ནམ་པ་ཚུ་གིས་ འབྱ་ཞིང་ནང་ གཡུར་མ་རྐྱབ་པའི་བསྒང་།

སྤྱིར་སྙོམས་འཛོམས་འདུ་ནང་ བཅའ་མར་གཏོགས་མི་ གངམ་མེད་པར་ ཆ་མེད་བཏང་དགོཔ་བྱུང་ཡོདཔ།

༉ སྲིད་དོན་ཚོགས་པ་༤ གི་ འདེམས་ངོ་ཚུ་གིས་ བསམ་རྩེ་རྫོང་ཁག་ ཕུན་ཚོགས་དཔལ་རི་-བསམ་རྩེ་དང་ ཨོ་རྒྱན་རྩེ་-འོད་གསལ་རྩེ་འདེམས་ཁོངས་༢ ནང་ སྤྱི་འོག་སྤྱིར་སྙོམས་འཛོམས་འདུ་དེ་ མི་འབད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།

དེ་ཡང་ སྤྱིར་སྙོམས་འཛོམས་འདུ་ནང་ ཁོང་གིས་ རེ་བ་བསྐྱེད་དོ་བཟུམ་ མི་སེར་ཚུ་ མི་འོང་པས་ཟེར་ འདེམས་ངོ་ཚུ་གིས་ བཤདཔ་ཨིན་པས།

སྤྱི་ཟླ་༨ པའི་ཚེས་༣༠ ལུ་ ཕུན་ཚོགས་དཔལ་རི་-བསམ་རྩེ་འདེམས་ཁོངས་ཀྱི་ སྤྱི་འོག་སྤྱིར་སྙོམས་འཛོམས་འདུ་ཅིག་ནང་ མི་སེར་༢༩ མ་གཏོགས་ མ་འོང་པས།

ཕུན་ཚོགས་དཔལ་རི་-བསམ་རྩེ་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ བློ་གྲོས་བསྟན་འཛིན་གྱིས་ སྤྱི་འོག་འཛོམས་འདུ་ནང་ མི་ཉུང་སུ་ཅིག་ལས་བརྒལ་ འོང་ནི་མེདཔ་ལས་ འདེམས་ངོ་ཚུ་གིས་ སྤྱི་འོག་སྤྱིར་སྙོམས་འཛོམས་འདུ་ཚུ་ ཆ་མེད་གཏང་ནི་སྦེ་ ཐག་བཏོག་ནུག་ཟེར་ བཤདཔ་ཨིན་པས།

འཛོམས་འདུ་མེད་པ་ཅིན་ འདེམས་ངོ་ཚུ་ལུ་ སྒོ་བཤལ་ཏེ་ སྐུལ་བསྒྲགས་འབད་ནི་གི་ དུས་ཚོད་འཐོབ་ནི་ཨིན་པས།

འཛོམས་འདུ་ནང་ མི་གངམ་འོང་ནི་མེད་མི་དེ་ཡང་ ད་ལྟོ་ དངུལ་ཐོག་ཨ་ལཱན་ཅི་བསྡུ་ནི་གི་ དུས་ཚོད་དང་ ཁ་ཐུག་རྐྱབ་ནི་དེ་གིས་ཨིན་པས།

མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཌི་ཨེན་དུང་གཱེལ་གྱིས་ སླབ་མིའི་ནང་ ད་རེས་ནངས་པར་ མི་སེར་ཚུ་ ཁྱིམ་ནང་མཐོང་གསལ་བྱུང་པར་ ལཱ་ཁག་འདུག་ཟེར་ཨིནམ་ད་ འབྲུག་ཀུན་མཉམ་ཚོགས་པའི་འདེམས་ངོ་ ས་བིཊ་མཱན་རའི་གིས་འབད་བ་ཅིན་ འདེམས་ངོ་ཚུ་ སྤྱི་འོག་༢ ནང་ སོང་ཡོད་རུང་ འཛོམས་འདུ་ནང་འོང་མི་ ཉུང་སུ་ཅིག་ལས་ མེད་པའི་ཁར་ ཁོ་ར་ སྐུལ་བསྒྲགས་འབད་བར་འགྱོཝ་ད་ ཁྱིམ་ལེ་ཤ་ཅིག་ར་ ལྡེ་མིག་རྐྱབ་སྟེ་ཡོདཔ་མ་ཚད་ ཁྱིམ་ལ་ལོ་ཅིག་ནང་ ཨ་ལོ་རྐྱངམ་གཅིག་ སྡོད་ནུག་ཟེར་ཨིན་པས།

སྤྱིར་སྙོམས་འཛོམས་འདུ་ནང་ མི་སེར་ཉུང་སུ་འོང་མིའི་ རྒྱུ་རྐྱེན་གཞན་དེ་ འབྱ་ཞིང་ནང་ གཡུར་མ་རྐྱབ་ནིའི་ དུས་ཚོད་འབད་ནི་དེ་གིས་ཨིནམ་ད་ བསམ་རྩེ་ཁྲོམ་དང་ བཀྲིས་ཆོས་གླིང་(སིབ་སུ) གི་བར་ན་ཡོད་མི་ འབྱ་ཞིང་ནང་ མི་སེར་ཚུ་ འབྱ་ལཱ་རྐྱབ་སར་ མཐོང་གསལ་བྱུངམ་ཨིན་པས།

བསམ་རྩེའི་བཙག་འཐུ་འགོ་དཔོན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ སྤྱི་འོག་ཚོགས་པ་ལུ་ མི་སེར་ཚུ་ སྤྱིར་སྙོམས་འཛོམས་འདུ་ནང་ འོང་དགོཔ་སྦེ་ སླབ་སྟེ་ཡོད་པའི་ཁར་ ཁོང་མ་འོང་རུང་ ཁོང་གིས་ ཚོགས་རྒྱན་དེ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ ཤེས་པས་ཟེར་ཨིནམ་ད་ ལྟ་རྟོག་པ་ཚུ་གིས་འབད་བ་ཅིན་ མི་སེར་ཚུ་གིས་ སྤྱིར་སྙོམས་འཛོམས་འདུ་ནང་ མ་འོང་མི་དེ་ འདེམས་ངོ་ཚུ་གིས་ ག་ཅི་སླབ་ཨིན་ན་ ཧ་མ་གོ་མི་ལུ་བརྟེན་འོང་ནི་མས་ཟེར་ཨིན་པས།

ནོར་བུ་སྒང་མ་ཇུའོ་གཡུས་ཚན་ལས་ ནར་བྷ་དུར་གྱིས་ སླབ་མིའི་ནང་ འདེམས་ངོ་ཚུ་གིས་ སྒོ་བཤལ་རྐྱབ་སྟེ་ སྐུལ་བསྒྲགས་འབད་བར་འོང་དོ་ཟེར་ མི་སེར་ཚུ་ལུ་ བརྒྱུད་འཕྲིན་ནང་ བརྡ་བསྐུལ་འབད་བ་ཅིན་ ཁྱིམ་ནང་མི་རེ་ སྡོད་འོང་ཟེར་ཨིནམ་ད་ དེ་མེན་ མི་ག་ཡང་སྡོད་ནི་མེདཔ་ལས་ འདེམས་ངོ་ཚུ་གིས་ ག་དང་ཡང་ཕྱད་མི་ཚུགས་ཟེར་ བཤདཔ་ཨིན་པས།

ཨོ་རྒྱན་རྩེ་-འོད་གསལ་རྩེ་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ ཚོགས་པའི་འདེམས་ངོ་ཚུ་གིས་ སྤྱི་འོག་སྤྱིར་སྙོམས་འཛོམས་འདུ་ འགོ་འདྲེན་འཐབ་ནི་དེ་ ཆད་མེད་བཏང་ཡོདཔ་ཨིན་རུང་ རྡོ་ཕུག་ཅན་- རྟ་སྡིངས་དང་ བཀྲིས་ཆོས་གླིང་འདེམས་ཁོངས་༢ ནང་འབད་བ་ཅིན་ སྤྱིར་སྙོམས་འཛོམས་འདུ་འབད་བའི་བསྒང་ཡོད་ཟེར་ཨིན་པས།

འདེམས་ཁོངས་དེ་གི་ ངོས་ལེན་འགོ་དཔོན་ ཀརྨ་བློ་གྲོས་ཀྱིས་ འཛོམས་འདུ་དེ་ རེའུ་མིག་དང་འཁྲིལ་ཏེ་ འགོ་འདྲེན་འཐབ་དོ་ཟེར་ བཤད་པའི་ཁར་ འདེམསཁོངས་ནང་ རྒེད་འོག་སྤྱིར་སྙོམས་འཛོམས་འདུ་བརྩིས་ཏེ་ འཛོམས་འདུ་ཁག་༡༢ ཡོད་ཟེར་ བཤདཔ་ཨིན་པས།

བཀྲིས་ཆོས་གླིང་གི་ ངོས་ལེན་འགོ་དཔོན་ ཉི་མ་ཚེ་རིང་གིས་འབད་བ་ཅིན་ རྒེད་འོག་༡ གི་ སྤྱི་འོག་༣ ནང་ འཛོམས་འདུ་རྐྱབ་ཚར་ཡོདཔ་མ་ཚད་ རྒེད་འོག་༣ ནང་ འགོ་འདྲེན་འཐབ་དགོཔ་ཡོད་ཟེར་ཨིནམ་ད་ བཙག་འཐུའི་འགོ་དཔོན་ ཚོ་རིང་ཕུན་ཚོགས་ཀྱིས་འབད་བ་ཅིན་ རྒེད་འོག་གི་ སྤྱིར་སྙོམས་འཛོམས་འདུ་དེ་ ངེས་པར་དུ་ འགོ་འདྲེན་འཐབ་དགོཔ་མ་ཚད་ འདེམས་ངོ་ཚུ་གིས་ བཅའ་མར་གཏོགས་དགོ་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *