སྤྱིར་སྙོམས་འཛོམས་འདུ་ཚུ་ནང་ ཁ་སྐད་གཞན་ནང་ཡང་ སླབ་ཆོགཔ་བཟོ་དགོ་པའི་གྲོས་འཆར།

༉ ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ལུ་ སྤྱིར་སྙོམས་འཛོམས་འདུ་ འགོ་འདྲེན་འཐབ་ཐོག་ལས་ སྲིད་དོན་ཚོགས་པ་༤ གི་ འདེམས་ངོ་ཚུ་གིས་ སྐུལ་བསྒྲགས་འབད་བའི་བསྒང་ཡོདཔ་ཨིན་རུང་ རྫོང་ཁག་དག་པ་ཅིག་གི་གྲས་ལས་ དམིགས་བསལ་དུ་ ལྷོ་མཚམས་རྫོང་ཁག་ཚུ་ནང་ འདེམས་ངོ་ཚུ་གིས་ གསལ་བཤད་ག་ཅི་འབདཝ་ཨིན་ན་ ཧ་གོ་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་པས།

དེ་ཡང་ བཙག་འཐུ་ལྷན་ཚོགས་ཀྱིས་ འགོ་འདྲེན་འཐབ་མི་ སྤྱིར་སྙོགས་འཛོམས་འདུ་ཚུ་ནང་ འདེམས་ངོ་ཚུ་ལུ་ རང་སོའི་ལྟ་བ་དང་ ཁས་བླངས་གསལ་བསྒྲགས་ཚུ་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ནང་ དུས་ཡུན་སྐར་མ་༡༠ རེ་ གསལ་བཤད་འབད་ནི་གི་ གོ་སྐབས་བྱིནམ་ཨིན་རུང་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ གོ་དོན་འཕྲོད་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས།

སྤྱི་ཟླ་༨ པའི་ཚེས་༢༨ ལས་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་-སྒོམ་དར་དང་ མར་ཚ་ལ་-ཇོ་མོ་གཙང་ཁ་འདེམ་ཁོངས་༢ ཀྱི་ སྤྱིར་སྙོམས་འཛོམས་འདུ་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཚེས་༢༩ ལུ་ ཕུན་ཚོགས་ཐང་རྒེད་འོག་ལུ་ འགོ་འདྲེན་འཐབ་ད་ འཛོམས་འདུ་ནང་འོང་མི་ མི་སེར་ལ་ལོ་ཅིག་ གཉིད་ལོག་སོ་ནུག།

མི་ཚུ་གིས་འབད་བ་ཅིན་ གསལ་བཤད་ཚུ་ ཨིན་ཅི་མིན་ཅི་ རྫོང་ཁ་ནང་མེན་པར་ ཁོང་ར་གིས་ ཧ་གོ་ཚུགས་མིའི་ཁ་སྐད་ ཚང་ལ་ཁ་ནང་ སླབ་པ་ཅིན་ ཁས་བླངས་ག་ཅི་བཟུམ་ འབདཝ་ཨིན་ན་དང་ ཚོགས་པ་ལུ་ ག་ལྟ་ག་ཅི་བཟུམ་ཡོདཔ་ཨིན་ད་ ཧ་གོ་ཚུགས་ནི་མས་ཟེར་ཨིནམ་ད་ དེ་མེན་ ཁོང་རའི་ ཚོགས་རྒྱན་གྱི་ ཐོབ་དབང་སྤྱོད་ནིའི་དོན་ལུ་ ཐག་བཅད་ཚུགས་པར་ ལཱ་ཁག་འོང་ནི་མས་ཟེར་ གཅིག་གིས་ བཤདཔ་ཨིན་པས།

ཕུན་ཚོགས་ཐང་རྒེད་འོག་ པར་སའི་ལས་ སྐྱེས་ལོ་༧༥ ལང་མི་ བག་ཏ་བྷ་དུར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱིར་སྙོམས་འཛོམས་འདུའི་ནང་ འོང་མི་དེ་ སྲིད་ཚོགས་༤ གི་ ཁས་བླངས་གསལ་བསྒྲགས་ཚུ་ ག་དེ་སྦེ་ ཡོདཔ་ཨིན་ན་ ཉན་པར་ཨིན་རུང་ ད་རེས་ ག་ནི་ཡང་ ཤེས་རྟོགས་བྱུང་མ་ཚུགས་ཟེར་ཨིན་པས།

བརྡ་དོན་ཧ་མ་གོ་བའི་བསྒང་ལས་ གཉིད་ལོགཔ་མས་ཟེར་ ཁོ་གིས་ བཤད་པའི་ཁར་ མ་གཞི་ འབྲུག་མི་ག་ར་གིས་ རྒྱལ་ཡོངས་ཁ་སྐད་ རྫོང་ཁ་ཤེས་དགོ་པའི་ ལམ་ལུགས་ཡོད་རུང་ དེ་བཟུམ་མའི་ འཛོམས་འདུ་ཚུ་གི་སྐབས་ མི་སེར་གྱིས་ ཧ་གོ་ཚུགས་མི་ ཁ་སྐད་ཚུ་ནང་ སླབ་ནི་ཡོད་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

ད་རུང་ སྐྱེས་ལོ་༤༦ ལང་མི་ སུམ་ཅུ་སྒྲོལ་མ་དང་ གཞན་ཚུ་གིས་ སླབ་མིའི་ནང་ འདེམས་ངོ་ཚུ་གིས་ ག་ཅི་ར་ སླབ་ཅི་ག་ བརྒྱ་ཆ་༥ དེ་ཅིག་ཡང་ ཧ་གོ་མ་ཚུགསཔ་ལས་ ལོག་ཁྱིམ་ནང་ ལྷོད་པའི་ཤུལ་ལས་ བཟའ་ཚང་ནང་མི་ གཞན་ཚུ་ལུ་ ག་ཅི་སླབ་ནི་ཨིན་ན་ར་ མི་ཤེས་པས་ཟེར་ཨིན་པས།

པདྨ་ཐང་ལས་ ཌམ་བར་བྷ་དུར་གྱིས་ སླབ་མིའི་ནང་ ད་ལྟོའི་གནས་སྟངས་དེ་ ཐལ་སོ་རུང་ མ་འོངས་པའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ འདེམས་ངོ་ཚུ་གིས་ རྫོང་ཁ་རྐྱངམ་གཅིག་མེན་པར་ ཁ་སྐད་གཞན་ཚུ་ནང་ཡང་ སླབ་ཆོག་པའི་ གནང་བ་བྱིན་དགོཔ་འདུག་ཟེར་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་ བདེ་བ་ཐང་-སྒོམ་དར་གྱི་འདེམས་ངོ་ འཕྲིན་ལས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཁོ་གི་འདེམས་ཁོངས་ནང་ ཁེངས་པ་དང་ ལྷོ་མཚམས་ དེ་ལས་ ཤར་ཕྱོགསཔ་ཚུ་ཡོདཔ་ལས་ རྫོང་ཁའི་ནང་ སླབ་པའི་སྐབས་ ཧ་གོ་མི་ཚུགས་དོ་ཡོདཔ་ལས་ ཕན་ཁྱད་སྦོམ་ཅིག་ མི་མཐོང་མས་ཟེར་ཨིན་པས།

འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་ གྱིས་ དངོས་མཐོང་གི་ ལས་རིམ་མེན་པའི་ སྤྱིར་སྙོམས་འཛོམས་འདུ་ཚུ་ནང་ མི་ཚུ་གིས་ ཧ་གོ་ཚུགས་པའི་ ཁ་སྐད་ཚུ་ནང་ཡང་ སླབ་ཆོག་པའི་ གནང་བ་བྱིན་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ ཁ་སྐད་ཀྱི་ དཀའ་ངལ་ལུ་བརྟེན་ འདེམས་ངོ་ཚུ་གི་ སླབ་མི་ཚུ་ མི་ཚུ་གིས་ ཧ་གོ་མི་ཚུགས་དོ་ཡོད་མི་ལུ་བརྟེན་ སྤྱིར་སྙོམས་འཛོམས་འདུའི་ དམིགས་གཏད་ར་ འགྲུབ་མི་ཚུགས་པས་ཟེར་ ཨིནམ་མ་ཚད་ འདེམས་ངོ་རེ་ལུ་ དུས་ཡུན་ཡང་ སྐར་མ་༣༠ དེ་ཅིག་ བྱིན་དགོཔ་འདུག་ཟེར་ཨིན་པས།

བདེ་བ་ཐང་-སྒོམ་དར་གྱི་ ངོས་ལེན་འགོ་དཔོན་ ཀརྨ་དབང་ཕྱུག་བཀྲིས་ཀྱིས་ སླབ་མིའི་ནང་ མི་ཚུ་གིས་ རྫོང་ཁ་ཧ་མ་གོ་བའི་ དཀའ་ངལ་ཚུ་ ཧེ་མ་ལས་ཡོད་རུང་ འཛོམས་འདུ་ཚུ་གི་སྐབས་ རྫོང་ཁའི་ནང་ སླབ་དགོ་མི་དེ་ རྒྱལ་ཡོངས་ཀྱི་ སྲིད་བྱུས་དང་འཁྲིལ་ཨིན་རུང་ མ་འོངས་པར་ ཁ་སྐད་གཞན་ཚུ་ནང་ཡང་ སླབ་ཆོག་པའི་ གནང་བ་བྱིན་དགོ་པའི་གྲོས་འཆར་ ལྷན་ཚོགས་ལུ་ ཕུལ་ནི་ཟེར་ ཨིན་པའི་གནས་ཚུལ།

ཕུན་ཚོགས་ཐང་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *