སྤྱིར་བཏང་བཙག་འཐུ་ནང་ གྲལ་གཏོགས་གང་དྲག་འབད་བའི་ རེ་བ།

༉ རྒྱལ་རབས་དང་ལྡན་པའི་ སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་དེ་ ནངས་པར་འགོ་འདྲེན་འཐབ་ནི་ཨིནམ་ལས་ ཚོགས་རྒྱན་བཙུགས་ནི་ལུ་ ཁྱད་ཚད་དང་ལྡན་པའི་ རྒྱལ་ཁབ་མཐའ་དབུས་མེད་པའི་འབྲུག་མི་ཚུ་ སག་ལང་སྟེ་སྡོད་པའི་ མངོན་གསལ་བྱུངམ་ཨིན་མས།

དུས་ཡུན་ཆུ་ཚོད་༤༨ ཀྱི་རིང་ སྲིད་དོན་ཚོགས་པ་དང་ སྲིད་དོན་པ་ དེ་ལས་ རྒྱབ་སྐྱོར་པ་ཚུ་གིས་ སྐུལ་བསྒྲགས་འབད་མ་ཆོག་པའི་ཁར་ བཙག་འཐུ་དང་འབྲེལ་བའི་གནད་དོན་ཚུ་ནང་ བར་དཀྲོགས་དང་ བརྡབ་གསིག་ དེ་ལས་ འཇིགས་སྐུལ་ལ་སོགས་པའི་ འབྲེལ་འཐབ་འབད་མ་ཆོག་མི་དེ་ཡང་ ད་རིས་ མཇུག་བསྡུཝ་དང་གཅིག་ཁར་ དུས་ཚོད་འདི་ནང་ བྱ་སྟབས་མ་བདེཝ་དང་ དཀའ་ངལ་ཚུ་ འཐོན་མ་བཅུག་པར་ བཙག་འཐུའི་བཅའ་ཡིག་དང་སྒྲིག་གཞི་ལུ་ ཚུལ་མཐུན་གནས་པའི་ རེ་བ་ཡོད།

གོ་རྟོགས་བྱུང་དོ་བཟུམ་འབད་བ་ཅིན་ སྲིད་དོན་ཚོགས་པའི་ འདེམས་ངོ་ཚུ་གིས་ སྲིད་འབྲེལ་མེད་པའི་དུས་ཚོད་འདི་ནང་ སྲིད་དང་འབྲེལ་བ་མ་འཐབ་པར་ ངལ་འཚོ་སྡོདཔ་ཨིན་རུང་ ཚོགས་པའི་རྒྱབ་སྐྱོར་པ་དང་ ལཱ་འབད་མི་ཚུ་གིས་ ཉིན་ཞག་༢ ཀྱི་དུས་ཚོད་དེ་ ཁོང་གི་དོན་ལུ་ གནད་འགག་ཅན་སྦེ་བརྩིས་ཏེ་ རང་སོའི་འདེམས་ཁོངས་ནང་འཁོད་ཀྱི་ གཡུས་སྒོ་ཚུ་བཤལ་ཏེ་ ཚོགས་རྒྱན་བཙུགས་མི་ཚུ་དང་ འབྲེལ་བ་དམ་ཟབ་འཐབ་པའི་ཁར་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ བློ་གཏད་རྒྱབ་སྐྱོར་འཚོལ་སྡོདཔ་ཨིན་མས།

མ་གཞི་ ད་ལྟོ་ཚུན་ བཙག་འཐུའི་བྱ་རིམ་ཚུ་ ཆ་མཉམ་གྱིས་ བསམ་པ་རྫོགས་ཚུགསཔ་སྦེ་ར་ འགོ་འདྲེན་འཐབ་ཡོད་མི་དེ་ལུ་ ཡིད་ཆེས་ངལ་རངས་ཡོདཔ་བཞིན་དུ་ ད་ལས་ཕར་འབད་རུང་ སྤྱིར་བཏང་བཙག་འཐུ་མཇུག་མ་བསྡུ་ཚུན་ བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུ་དང་འབྲེལ་བའི་བྱ་རིམ་ཚུ་ འཐུས་ཤོར་མེད་པར་ ལག་ལེན་འཐབ་ཚུགས་པའི་ རེ་འདུན་ཡོད།

ནངས་པར་བཙག་འཐུའི་ཉིནམ་ལུ་ འཕྲལ་ཁམས་ཅིག་ཁར་ བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་ལུ་ གསལ་བསྒྲགས་འབད་དོ་བཟུམ་སྦེ་ ཚོགས་རྒྱན་བཙུགས་མི་ཚུ་གི་ཁ་ཐུག་ལས་ བཙག་འཐུའི་བཅའ་ཡིག་དང་སྒྲིག་གཞི་ལས་མ་འགལ་བར་ དཔེ་འབད་བ་ཅིན་ ཚོགས་རྒྱན་ས་ཁོངས་ནང་འོངམ་ད་ ཆང་འཐུང་ནི་དང་ སྨྱོ་རྫས་སྤྱོད་ནི་ མཚོན་ཆ་འབག་ནི་ དེ་ལས་ མི་གཞན་ལུ་ རྒྱུད་བསྐུལ་འབད་བ་ལ་སོགས་པའི་ མ་རུང་པའི་བྱ་ངན་ཚུ་ལས་ ག་དེས་དྲག་དྲག་འཛེམ་ཏེ་ བཅའ་མར་གཏོགས་དགོཔ་ཨིན།

ཉིནམ་དག་པ་ཅིག་གི་ཧེ་མར་ རྒྱལ་ཁབ་མཐའ་དབུས་མེད་པར་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་དང་ འགྲུལ་སྐྱོད་ཚོགས་རྒྱན་ས་ཁོངས་ གཞི་བཙུགས་འབད་མི་ཚུ་ནང་ འོས་འབབ་ལྡན་པའི་ཚོགས་རྒྱན་བཙུགས་ཆོག་མི་ ཧ་ལམ་ བརྒྱ་ཆ་༨༣ དེ་ཅིག་གིས་ ངོས་ལེན་འབད་མི་ལུ་ལྟཝ་ད་ འབྲུག་མི་ཚུ་གིས་ དུས་ཅི་གི་ སྤྱིར་བཏང་བཙག་འཐུ་ནང་ གྲལ་གཏོགས་གང་མང་འབད་ནིའི་ བརྡ་མཚོན་ཅིག་ གསལ་སྟོན་འབདཝ་ལས་ ངལ་རངས་དང་ དཔའ་ཉམས་བསྐྱེད་པའི་ གཞི་གནད་ཅིག་ཨིན་མས།

གསེར་ཁྲི་རྩ་བ་ལས་ གསོལ་རས་སྦེ་གནང་མི་ དམངས་གཙོའི་རིང་ལུགས་ཀྱི་ བྱ་རིམ་ཚུ་ མཐར་འཁྱོལ་འབྱུང་ནིའི་དོན་ལུ་ རང་སོའི་ལཱ་ཚུ་ ག་དེམ་ཅིག་ཁག་ཆེ་རུང་ རྒྱབ་སྐྱུར་བཞག་སྟེ་ རྒྱལ་ཁབ་ཀྱི་ འཕྲལ་ཕུགས་གཉིས་ཀྱི་ མཐའ་དོན་ལུ་དམིགས་ཏེ་ གཙོ་བོར་བཏོན་དགོཔ་ཨིན།

དམངས་གཙོའི་རིང་ལུགས་ མཐར་འཁྱོལ་འབྱུང་དགོ་པ་ཅིན་ གཙོ་བོ་བཙག་འཐུ་ལུ་ རག་ལས་ནི་ཨིནམ་ལས་ སྤྱིར་བཏང་འབྲུག་མི་ཚུ་གིས་འབད་རུང་ འབྲུག་གི་རྩ་ཁྲིམས་ཆེན་མོ་གིས་གནང་མི་ རང་སོའི་ ཐོབ་དབང་ནང་ཡོད་པའི་ ཚོགས་རྒྱན་ཕུད་རྡོག་གཅིགཔོ་དེ་ ལྷག་བསམ་རྣམ་དག་གི་སྒོ་ལས་ སྨོན་ལམ་བཏབ་སྟེ་ ཚུལ་མཐུན་བཙུགས་གནང་བའི་ རེ་བ་ཡོད།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *