ཐིམ་ཕུག་ཁྲོམ་ཁར་མཐོང་་མི་ སྤྱང་ཁྱི་ཚུ།

སྤྱི་ལོ་༢༠༢༥ འི་ནང་འཁོད་ལུ་ རོ་ཁྱིའི་འཆོལ་ནད་ རྩ་མེད་གཏང་ནིའི་འཆར་གཞི།

༉ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ དམིགས་གཏད་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༥ གི་ནང་འཁོད་ལུ་ རྒྱལ་ཁབ་ནང་ རོ་ཁྱིའི་འཆོལ་ནད་དེ་ རྩ་མེད་གཏང་ནི་ཨིནམ་ལས་ དམིགས་དོན་འགྲུབ་ཐབས་ཀྱི་དོན་ལུ་ ད་རེས་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ སྨན་ཁབ་དང་ རོ་ཁྱི་གཤག་བཅོས་ཀྱི་ལས་རིམ་ཚུ་ དུས་དང་དུས་སུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།

ཐིམ་ཕུག་ལུ་ཡོད་པའི་ རྒྱལ་ཡོངས་སྒོ་ནོར་སྨན་ཁང་ལྟེ་བ་དང་འཁྲིལ་བ་ཅིན་ ལོ་རེ་ནང་ ཉུང་ཤོས་འཆོལ་ནད་ཚར་༡༧ དེ་རེ་ དར་ཁྱབ་འགྱོཝ་མས་ཟེར་ཨིནམ་ད་ འཆོལ་ནད་དེ་ མང་ཤོས་ཅིག་ ལྷོ་མཚམས་རྫོང་ཁག་ཚུ་ནང་ ཐོན་དོ་ཡོདཔ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ལུ་ སྤྱང་འཁྱམས་སྡོད་མི་ རྟ་ཅིག་ལུ་ འཆོལ་ནད་ཐོབ་ཡོདཔ་ད་ དེ་ཡང་ སྒོ་ནོར་འགོ་དཔོན་ཚུ་གིས་འབད་བ་ཅིན་ རྟ་དེ་ འཆོལ་ནད་ཡོད་མི་ རོ་ཁྱི་གིས་ སོ་བཏབ་པའི་ཤུལ་ལས་ ཐོབ་ནུག་ཟེར་ཨིནམ་ད་ འཆོལ་ནད་ཐོབ་མི་ རོ་ཁྱི་གིས་ མི་དང་སེམས་ཅན་ཚུ་ལུ་ སོ་བཏབ་པ་ཅིན་ འཆོལ་ནད་ཐོབ་ཨིན་པས།

སྒོ་ནོར་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཆོལ་ནད་དེ་ མང་ཤོས་ཅིག་ ལྷོ་མཚམས་རྫོང་ཁག་ནང་ དར་ཁྱབ་འགྱོ་མི་དེ་ཡང་ རྒྱ་གར་གྱི་ ས་མཚམས་སྦོ་ལོགས་ཁར་འབདཝ་ལས་ འཆོལ་ནད་ཡོད་མི་སྤྱང་ཁྱི་ཚུ་ རྒྱལ་ཁབ་ནང་འོང་སྟེ་ སྒོ་ནོར་སེམས་ཅན་དང་ རོ་ཁྱི་ཚུ་ལུ་ སོ་བཏབ་མས་ཟེར་ཨིན་པས།

འདས་པའི་ལོ་༢ ཀྱི་ནང་འཁོད་ནང་ལུ་ འཆོལ་ནད་དེ་ གཞལམ་སྒང་གི་ ངང་ལ་གཡུས་ཚན་དང་ བཀྲིས་སྒང་རྫོང་ཁག་གི་ བསམ་མཁར་ སྦིས་དུང་ ར་ལྡི་ མེ་རག་སག་སྟེང་ དེ་ལས་ བསམ་གྲུབ་ལྗོངས་མཁར་ཨོ་རོང་ལུ་ དར་ཁྱབ་སོང་བའི་སྐབས་ སྤྱང་ཁྱི་དང་སྒོ་ནོར་སེམས་ཅན་ཚུ་ལུ་ འཆོལ་ནད་ཐོབ་པའི་ དཀའ་ངལ་ཐོན་ནུག།

སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ ཐོ་དང་འཁྲིལ་བ་ཅིན་ ད་རེས་ རྒྱལ་ཁབ་ནང་ རོ་ཁྱི་༡༡༣,༠༠༠ དེ་ཅིག་ཡོད་ས་ལས་ ༦༥,༠༠༠ ཇོ་བདག་ཡོད་པའི་རོ་ཁྱི་དང་༤༨,༠༠༠ སྤྱང་ཁྱི་ཨིནམ་ད་ འཆོལ་ནད་དེ་ཡང་ མང་ཤོས་ར་ སྤྱང་ཁྱི་ཚུ་གིས་ ཐོབ་དོ་ཡོདཔ་ཨིན་པས།

རྒྱལ་ཡོངས་རོ་ཁྱིའི་གྱངས་ཁ་དང་ འཆོལ་ནད་བཀག་ཐབས་ལས་འགུལ་གྱི་ འགོ་འདྲེན་པ་ ཌོག་ཊོར་ཧེ་རུ་ཀ་ མ་ཧཱཏ་གིས་ བཤད་མིའི་ནང་ འཆོལ་ནད་དེ་ བཀག་ཐབས་འབད་ནིའི་ ཐབས་ཤེས་ཡོད་རུང་ ཐོབ་ཚར་བའི་ཤུལ་ལས་ བཀག་ཐབས་མེད་པའི་ ནད་གཞི་ཅིག་ཨིནམ་ལས་ ག་དེ་དྲག་དྲག་ འཛེམ་དགོ་ཟེར་ཨིན་པས།

འཆོལ་ནད་བཀག་ཐབས་ཀྱི་ ལས་འགུལ་སྣ་ཚོགས་ འགོ་འདྲེན་འཐབ་མིའི་གྲས་ལས་ རོ་ཁྱི་གཤག་བཅོས་འབད་ནི་དང་ སྨན་ཁབ་བཙུགས་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་བཞིན་དུ་ སྨན་ཁབ་བཙུགས་མི་གིས་ འཆོལ་ནད་ལ་སོགས་པའི་ནད་རིགས་ ཁྱབ་སྤེལ་ལས་བཀག་དོ་ཡོདཔ་ད་ དེ་ལས་ གཤག་བཅོས་འབད་མི་དེ་གིས་ གྱངས་ཁ་ཚད་འཛིན་འབད་ནི་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།

སྒོ་ནོར་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ དེ་བཟུམ་གྱི་ལས་རིམ་ འགོ་འདྲེན་འཐབ་མི་དེ་གིས་ གཞུང་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༧.༥ དེ་ཅིག་ གནསཔ་མས་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༩ ལས་ ད་ལྟོ་ཚུན་ རོ་ཁྱི་༧༠,༠༠༠ ལྷགཔ་ཅིག་ གཤག་བཅོས་དང་ སྨན་ཁབ་བཙུགས་ཡོདཔ་ད་ དེ་གིས་ དངུལ་ཀྲམ་ས་ཡ་༤༥ ལྷགཔ་ཅིག་གནས་ནུག།

ད་རེས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ དཀའ་ངལ་ཅིག་ རོ་ཁྱི་བཟུང་མི་ མ་ཐོབ་མི་དེ་ཨིནམ་ད་ དེ་ཡང་ གཞུང་གིས་ སྤྱང་ཁྱི་༡ བཟུང་མི་ལུ་ དངུལ་ཀྲམ་༣༢༥ སྤྲོད་དགོ་དོ་ཡོདཔ་ད་ གལ་སྲིད་ རོ་ཁྱི་བཟུང་ནི་ལུ་ མི་མང་གིས་ རྒྱབ་སྐྱོར་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

རོ་ཁྱི་དེ་ མང་ཤོས་ཅིག་ ཁྲོམ་ཁར་ཡོདཔ་བཞིན་དུ་ དེ་ཡང་ ཐིམ་ཕུག་རྐྱངམ་གཅིག་ལུ་ར་ སྤྱང་ཁྱི་༥,༠༠༠ ལྷགཔ་ཅིག་ཡོདཔ་ལས་ དེ་གིས་ མི་དང་སེམས་ཅན་ཚུ་ལུ་ ཉེན་ཁ་ཡོདཔ་མ་ཚད་ ལྟ་བཤལཔ་ཚུ་ལུ་ཡང་ སོ་བཏབ་ནིའི་ཉེན་ཁ་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *