རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་།

སྤྱི་ལོ་༢༠༢༢ ལུ་ རྩོད་དཔོན་ཡོངས་ཡིག་ཚང་གིས་ ངན་ལྷད་ཀྱི་གྲོས་ཆོད་༩༤ བསྟར་སྤྱོད་འབད་ཡོདཔ།

༉ འདས་པའི་ལོ་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ རྒྱུ་དངོས་དང་ འཁྲུན་ཆོད་བསྟར་སྤྱོད་ལས་ཁུངས་ཀྱིས་ ཁྲིམས་འདུན་ཚུ་ལས་ འཁྲུན་ཆོད་གནང་མི་དང་འཁྲིལ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ངན་ལྷད་དང་འབྲེལ་བའི་ རྩོད་གཞི་༩༤ བསྟར་སྤྱོད་འབད་ཡོདཔ་སྦེ་ ལོ་བསྟར་སྙན་ཞུ་༢༠༢༢ ནང་བཀོད་ནུག།
དེ་ཡང་ འཁྲུན་སྤྱོད་བསྟར་སྤྱོད་འབད་མི་ཚུ་གི་གྲས་ལས་ རྩོད་གཞི་༢ སྤྱི་ལོ་༢༠༡༦ དང་ དེ་གི་ཧེ་མར་ བསྣར་འགྱངས་ལུས་མི་ཨིནམ་ད་ རྩོད་གཞི་༥ སྤྱི་ལོ་༢༠༡༨ ལས་ ཁྲིམས་འདུན་ལུ་ ཐོ་བཀོད་འབད་མི་དང་ སྤྱི་ལོ་༢༠༡༩ འི་རྩོད་གཞི་༡༣ སྤྱི་ལོ་༢༠༢༠ ལུ་ རྩོད་གཞི་༩ དེ་ལས་ སྤྱི་ལོ་༢༠༢༡ ལུ་ རྩོད་ཞི་༢༧ དང་ ན་ཧིང་ རྩོད་གཞི་༣༨ མཇུག་བསྡུ་མིའི་ འཁྲུན་ཆོད་ཚུ་ཨིན་པས།
ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ ངན་ལྷད་དང་འབྲེལ་བའི་ རྩོད་གཞི་༡༣ མཚམས་འཇོག་དང་༡༧ གནས་སྐབས་ཅིག་གི་དོན་ལུ་ མཚམས་འཇོག་འབད་དེ་ བཞག་ཡོདཔ་ད་ རྩོད་གཞི་༤༤ ད་ལྟོ་ བསྣར་འགྱངས་ཐོག་ བཞག་སྟེ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༢ ལུ་ ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་ རྩོད་གཞི་༣༩༢ རྩོད་བཤེར་འབད་མི་ལས་༤ སྤྱི་ལོ་༢༠༡༦ དང་དེ་གི་ཧེ་མར་ ཐོ་བཀོད་འབད་མི་ཨིནམ་ད་ རྩོད་གཞི་གཞན་ཚུ་ སྤྱི་ལོ་༢༠༡༧ ལས་༢༠༢༢ ཚུན་ རྩོད་བཤེར་འབད་མི་ཚུ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ རྩོད་གཞི་༡༧༧ དེ་ཅིག་ བསྣར་འགྱངས་ཐོག་ལུ་ཡོད་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྙན་ཞུ་ནང་ རྒྱུ་དངོས་དང་ འཁྲུན་ཆོད་བསྟར་སྤྱོད་ལས་ཁུངས་ལུ་ མི་སྟོབས་ལངམ་མེད་པའི་ དཀའ་ངལ་ཡོད་རུང་ འཁྲུན་ཆོད་བསྟར་སྤྱོད་ནང་ མངོན་གསལ་ཆེ་བའི་ གྲུབ་འབྲས་བཏོན་ཡོད་མི་དེ་ཡང་ འདས་པའི་ལོ་ནང་ ལས་ཁུངས་ཀྱིས་ བསྟར་སྤྱོད་ཀྱི་དོན་ལུ་ རྩོད་གཞིའི་འཁྲུན་ཆོད་༤༨༦ ཐོབ་མི་ལས་༩༤ ངན་ལྷད་དང་འབྲེལ་བའི་ རྩོད་གཞི་དང་ གཞན་༣༩༢ དེ་ ཁྲིམས་སྲུང་འགག་སྡེ་ལས་ ཐོབ་ཡོདཔ་སྦེ་བཀོད་ནུག།
ད་རུང་ ལས་ཁུངས་ཀྱིས་ རྩོད་ཟླ་ཚུ་ལས་ དངུལ་ཀྲམ་ས་ཡ་༤༤ གཞུང་ལུ་ སོར་ཆུད་འབད་མི་ལས་ དངུལ་ཀྲམ་ས་ཡ་༡༧ དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་ རྩོད་གཞི་ཚུ་དང་ དངུལ་ཀྲམ་ས་ཡ་༢༦ དེ་ ཁྲིམས་སྲུང་འགག་སྡེའི་ རྩོད་གཞི་ཚུ་ལས་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལས་སྡེ་གཞན་ཚུ་ལུ་ཡང་ དངུལ་ཀྲམ་ས་ཡ་༣༥༣ དང་ ཉམས་རྒུདཔ་ཚུ་ལུ་ རྒུད་འཐུས་དངུལ་ཀྲམ་ས་ཡ་༡༡ ལོག་སྤྲོད་ཡོདཔ་ད་ རྩོད་ཟླ་ཚུ་ལུ་ཡང་ དངུལ་ཀྲམ་ས་ཡ་༠.༣༡ ལོག་སྤྲོད་ཡོདཔ་ཨིན་པས།
དེ་གིས་མ་དོ་བར་ ཉམས་རྒུདཔ་ཚུ་ལུ་ ས་ཆ་ཨེ་ཀར་༡.༡༠ ལོག་སྤྲོད་པའི་ཁར་ ས་ཆ་ཨེ་ཀར་༣.༧༩༩ གཞུང་གི་ནགས་ཚལ་ས་ཁོངས་སྦེ་ གསལ་སྟོན་འབད་ཡོདཔ་བཞིན་དུ་ སྣུམ་འཁོར་གཏང་ནིའི་ ཁྱད་རིག་ཆོག་ཐམ་༢༧ ཆ་མེད་བཏང་ཡོདཔ་ད་ རྩོད་ཟླ་༣ ལཱ་གཡོག་ནང་ ལོག་བཙུགས་ནུག།
ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ ངོ་རྐྱང་༡༠ ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་དེ་ མི་སྡེའི་ཞབས་ཏོག་ཚུ་ ཞུ་བཅུག་པའི་ཁར་ རྩོད་ཟླ་༡༩ མི་ཚེ་ལེགས་བཅོས་ནང་ བཏང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *