སྤྱི་ལོ་༢༠༢༢ ལུ་ འབྲུག་གི་དཔལ་འབྱོར་ཡར་འཐོན་ བརྒྱ་ཆ་༣.༧ དེ་ཅིག་འབད་ཚུགས་པའི་རེ་བ།

༉ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་འཁྲིལཝ་ད་ འབྲུག་གི་དཔལ་འབྱོར་དེ་ དུས་ཅིའི་ལོ་ནང་ མར་ཉམས་འགྱོ་ནི་ཨིན་རུང་ སྤྱི་ལོ་༢༠༢༢ ལུ་ ཡར་འཐོན་འགྱོ་འོང་ཟེར་ཨིན་པས།

གོང་འཕེལ་དངུལ་ཁང་གི་ སྙན་ཞུ་གསརཔ་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༠ ལོ་ནང་ ནད་ཡམས་བཀག་འཛིན་དོན་ལུ་ འགྲོ་འགྲུལ་བཀག་དམ་ཐེངས་༢ འབད་དགོཔ་ལས་ དཔལ་འབྱོར་གྱི་བརྒྱ་ཆ་༠.༩ མར་བབས་སོང་མི་ལས་ ད་རུང་ དུས་ཅི་གི་ལོ་ ནང་ བརྒྱ་ཆ་༣.༤ མར་བབས་སོང་ནིའི་ ཚོད་དཔག་འབད་ཡོདཔ་ཨིན་པས།

ཨིན་རུང་ ཁ་ཙ་ གསལ་སྟོན་འབད་མི་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གི་ བལྟ་ལུགས་༢༠༢༡ དང་འཁྲིལཝ་ད་ སྤྱི་ལོ་༢༠༢༢ ལུ་ དཔལ་འབྱོར་ཡར་འཐོན་བརྒྱ་ཆ་༣.༧ དེ་ཅིག་གུ་ ལྷོད་ནིའི་ཚོད་རྩིས་ཡོད་མི་དེ་ཡང་ ཀོ་བིཌ་-༡༩ འི་གནས་ སྟངས་ ངོས་ལེན་འབད་ནིའི་སྲིད་བྱུས་དང་ རྒྱལ་ཁབ་ནང་ ནད་ཡམས་ཀྱི་དོན་ལུ་ སྨན་ཁབ་བཙུགས་ནིའི་ལས་རིམ་གྱིས་ ལྷན་ཐབས་འབད་མི་ལུ་བརྟེན་ཨིན་པས།

དེ་ཡང་ དཔལ་འབྱོར་གྱི་ལས་སྣ་དང་ ལྟ་བཤལཔ་ཚུ་ འགྲོས་ཀྱིས་སྦེ་ ལོག་འོང་ནི་འགོ་བཙུགསཔ་ད་ དཔལ་འབྱོར་ལུ་ ལྷན་ཐབས་འབད་ནི་ཨིན་རུང་ རྒྱལ་ཁབ་ནང་ བཟའ་འཐུང་གི་གོང་ཚད་དེ་ ཡར་སེང་འགྱོ་སྟེ་ར་ སྡོད་འོང་ཟེར་ དངུལ་ཁང་དེ་གི་ དཔལ་འབྱོར་མཁས་མཆོག་ཚུ་གིས་བཤད་ཅི།

ཨིན་རུང་ རྒྱ་གར་ལུ་ ནད་ཡམས་དེ་གི་ འབུབ་རིགས་གསརཔ་ཐོན་མི་དང་ ལྟ་བཤལཔ་འོང་བཅུག་ནི་དེ་ ཕྱི་སུ་ལུས་ནི་ དེ་ལས་ སྐྱིན་འགྲུལ་ལེན་མི་ཚུ་གིས་ དུས་ཚོད་ཁར་ བཏབ་མ་ཚུགས་མི་དེ་གི་ནང་ལས་ གཙོ་བོ་ཅིག་ གཞུང་གི་འཆར་གཞིའི་ལས་འགུལ་ཚུ་ འགོ་བཙུགས་མ་ཚུགས་མི་དེ་གིས་ གནས་སྟངས་དེ་ སྐྱོ་སུ་འགྱོ་ནིའི་ཉེན་ཁ་ཡང་ སྦོམ་སྦེ་ར་ མཐོངམ་མས་ཟེར་ཨིན་པས།

བཟའ་འཐུང་གི་ གོང་ཚད་ཡར་སེང་དེ་ སྤྱི་ལོ་༢༠༢༠ ལུ་ བརྒྱ་ཆ་༣.༠ ཡོད་མི་ལས་ སྤྱི་ལོ་༢༠༢༡ ལུ་ བརྒྱ་ཆ་༦.༤ དེ་ཅིག་ ལུ་ ཡར་སེང་འགྱོ་ནི་ཨིན་མི་དེ་ཡང་ གཙོ་བོ་ར་ མི་ཚུ་གིས་ འགྲོ་འགྲུལ་བཀག་དམ་འབད་འོང་མནོ་བའི་ ཚ་གྱང་གིས་བཟའ་ འཐུང་ཚུ་ གསོག་འཇོག་འབད་ནིའི་དོན་ལུ་ ཉོ་མི་ལུ་བརྟེན་ཨིན་པས།

ཨིན་རུང་ སང་ཕོད་ཀྱི་ལོ་ནང་ རྒྱ་གར་ལུ་ བཟའ་འཐུང་གི་གོང་ཚད་ཚུ་ མར་འབབ་འགྱོ་ནིའི་གོ་སྐབས་ཡོད་མི་དང་ ནང་འཁོད་ཀྱི་ དཔལ་འབྱོར་གནས་སྟངས་ཡང་ ལེགས་བསྒྱུར་འགྱོ་ནིའི་གོ་སྐབས་ཡོདཔ་ལས་ སྤྱི་ལོ་༢༠༢༢ ལུ་ རྒྱལ་ཁབ་ནང་ གོང་ཚད་བརྒྱ་ཆ་༥.༣ དེ་ཅིག་ལུ་ འབབ་ནི་བཟུམ་ཡོདཔ་ཨིན་པས།

སང་ཕོད་ལས་ རྒྱལ་ཁབ་ཀྱི་ རྩིས་ཆད་དེ་ ནང་འཁོད་འོང་འབབ་ལས་ བརྒྱ་ཆ་༧.༧ དེ་ཅིག་ལུ་ ལྷོད་ནིའི་ཚོད་རྩིས་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ནང་འཁོད་ལུ་ མཁོ་འདོད་མར་ཕབ་འགྱོ་ནི་དེ་གིས་ ནང་འདྲེན་ཡང་ མར་འབབ་འགྱོ་ནི་དེ་གིས་ཨིན་པས།

སྙན་ཞུ་དང་འཁྲིལཝ་ད་ དངུལ་འབྲེལ་གྱི་ལམ་ལུགས་ སྒྲིང་སྒྲི་བཞག་ཐབས་ལུ་ སྐྱིན་འགྲུལ་ཚུ་ དུས་ཚོད་ཁར་བཏབ་མ་ ཚུགས་པའི་དཀའ་ངལ་ཚུ་ སེལ་ཐབས་འབད་ནི་དེ་ གལ་ཆེ་ཟེར་ཨིནམ་ད་ དེའི་དོན་ལུ་ དངུལ་འབྲེལ་གཙུག་སྡེ་དང་དངུལ་ འབྲེལ་མེན་པའི་ གཙུག་སྡེ་ཚུ་གིས་ སྐྱིན་འགྲུལ་བྱིན་ནིའི་དོན་ལུ་ ཐབས་ལམ་ཚུ་བཏོན་ནིའི་ དབང་ཆ་སྤྲོད་དགོ་ཟེར་ ཨིན་པས།

ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ སྤྱི་ལོ་༡༩༨༢ ལས་འགོ་བཙུགས་ ནུས་ཤུགས་དང་ སྐྱེལ་འདྲེན་ དེ་ལས་ དངུལ་འབྲེལ་དང་ ཁྲོམ་སྡེ་གོང་འཕེལ་དོན་ལུ་ གྲོགས་རམ་ཚུ་ འབད་བཞིན་དུ་ཡོདཔ་ཨིན་པས།

དེ་མ་ཚད་ དངུལ་ཁང་དེ་གིས་ འབྲུག་གཞུང་ལུ་ སྐྱིན་འགྲུལ་དོན་ལུ་ ཡུ་ཨེས་ཌོ་ལར་ས་ཡ་༥༨༤.༠༦ དང་ གནང་བྱིན་ཌོ་ལར་ས་ཡ་༢༦༩.༢༢ དེ་བཟུམ་སྦེ་ ཌོ་ལར་ས་ཡ་༥༧.༢༣ དེ་ཅིག་གནས་པའི་ འཕྲུལ་རིག་གི་གྲོགས་རམ་ འབད་ཡོདཔ་ཨིན་པས།

ན་ཧིང་གི་ལོ་ནང་ ནད་ཡམས་ལས་བརྟེན་ ཁག་ཆེ་བའི་དུས་ཚོད་ནང་ དངུལ་ཁང་དེ་གིས་ སྐྱིན་འགྲུལ་དང་ མ་རྩ་གཞི་བཙུགས་ཀྱི་ལས་འགུལ་ དེ་ལས་ གནང་བྱིན་དང་འཕྲུལ་རིག་གི་གྲོགས་རམ་ཚུ་གི་དོན་ལུ་ ཌོ་ལར་ས་ཡ་༡༠༨.༩ དེ་ཅིག་ བྱིན་ཡོདཔ་ཨིན་པས།

རྒྱལ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ཡོད་མི་ གོང་འཕེལ་དངུལ་ཁང་དེ་གི་ ལུང་ཕྱོགས་དཔལ་འབྱོར་གྲོས་སྟོན་པ་ ལི་ལི་སོང་ གིས་ གློག་རིག་ཐོག་ལས་ སླབ་མིའི་ནང་ འབྲུག་གི་ མི་མང་གི་བུ་ལོན་དེ་ མང་ཤོས་ར་ གློག་མེ་ལས་འགུལ་གྱི་དོན་ལུ་ཡོད་མི་དེ་ ཁྱིམ་ཚང་རྒྱལ་ཁབ་གཞན་ཚུ་ནང་གི་ བུ་ལོན་དང་ཕྱདཔ་ད་ མི་འདྲ་བས་ཟེར་བཤད་ཅི།

དེ་ཡང་ ཁོ་གིས་སླབ་མིའི་ནང་ གློག་མེ་ལས་འགུལ་དོན་ལུ་ལེན་མི་དེ་ ལས་འགུལ་གྱིས་ར་ བཏབ་ཚུགས་ནི་ཨིནམ་ལས་ ཁྱིམ་ ཚང་རྒྱལ་ཁབ་ མཱལ་དིབསི་དང་ ཤྲི་ལངྐའི་བུ་ལོན་དང་ཕྱདཔ་ད་ ཚ་གྱང་ལང་དགོཔ་མིན་འདུག་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས། ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ …

Leave a Reply

Your email address will not be published. Required fields are marked *