སྤྱི་ལོ་༢༠༢༠ དང་༢༠༢༡ ལུ་ སྒོ་ནོར་ལས་ཁུངས་ཀྱིས་ གྲུབ་འབྲས་ལེགས་ཐོན་བྱུང་ཡོདཔ།

༉ རྩིས་ལོ་༢༠༢༠ དང་༢༠༢༡ ལུ་ སྒོ་ནོར་ལས་ཁུངས་ཀྱིས་ ནད་ཡམས་ལུ་བརྟེན་པའི་ གདོང་ལེན་ཚུ་བྱུང་སྟེ་འབད་རུང་ སྒོ་ནོར་ཐོན་སྐྱེད་ནང་ རང་མགོ་རང་འདྲོངས་ཀྱི་ བརྒྱ་ཆ་དེ་ སྤྱིར་བསྡོམས་ལུ་ བརྒྱ་ཆ་༩༢.༠༦ འབད་ཚུགས་མི་དེ་ གྲུབ་འབྲས་ཅན་ཅིག་ཨིན་པས།

ལོ་བསྟར་གྱི་སྙན་ཞུ་ གསལ་སྟོན་འབད་མི་དང་འཁྲིལཝ་ད་ ལས་ཁུངས་ཀྱིས་ སྤྱི་ལོ་༢༠༢༠ ལུ་ ཨོམ་མེ་ཊིག་ཊཱོན་༥༨,༡༩༧ ཐོན་སྐྱེད་འབད་མི་དེ་ སྤྱི་ལོ་༢༠༡༩ ལུ་དང་ཕྱདཔ་ད་ མེ་ཊིག་ཊཱོན་༦༥༡ ཡར་སེང་སོང་ཡོདཔ་ད་ སྒོང་རྡོག་དེ་ བརྒྱ་ཆ་ལས་ བརྒྱ་སྦེ་ར་ གྲུབ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཤའི་ཐོན་སྐྱེད་དེ་ནང་ བརྒྱ་ཆ་༤༧.༧༥ གྲུབ་ཡོདཔ་ད་ ཉ་རློནམ་བརྒྱ་ཆ་༡༥ ལས་བརྒལ་ གྲུབ་མ་ཚུགས་མི་དེ་ ཉུང་ཤོས་ ཨིནམ་ད་ ལས་ཁུངས་ཀྱིས་ དམིགས་གཏད་བསྐྱེད་མི་དེ་ འགྲུབ་ཐབས་ལུ་ སྲིད་བྱུས་ཀྱི་ལམ་སྟོན་དང་ཐབས་བྱུས་ དེ་ལས་ སོ་ནམ་པ་དང་ ཐོན་སྐྱེད་འབད་མི་སྡེ་ཚན་ཚུ་ལུ་ བསྟར་སྤྱོད་ཀྱི་ལམ་སྟོན་དང་ གྲོགས་རམ་ཚུ་ བྱིན་ཡོདཔ་ཨིན་པས།

རྩིས་ལོ་དེ་ནང་ ནང་འཁོད་ལུ་ ཐོན་སྐྱེད་ཡར་དྲག་གཏང་ཐབས་ལུ་ བྱ་དང་ཕགཔ་ཚུ་ གསོ་སྐྱོང་འབད་ནི་ལུ་ ཤུགས་བཏོན་ཡོདཔ་ད་ དེ་གིས་ ན་གཞོན་དང་ སོ་ནམ་སྡེ་ཚན་བཟོ་མི་ཚུ་གིས་ ལཱ་ཚུ་འབད་དེ་ འོང་འབབ་བཟོ་ཚུགས་པའི་ཁར་ ནང་འདྲེན་མར་ཕབ་འབད་ཐབས་ལུ་ཨིན་པས།

སྒོང་རྡོག་འབད་བ་ཅིན་ ལོ་དེ་ནང་ སྒོང་རྡོག་ས་ཡ་༡༧༢ ཐོན་སྐྱེད་འབད་ཡོདཔ་ད་ སྦྲང་རྩི་མེ་ཊིག་ཊཱོན་༤༤ དེ་བཟུམ་སྦེ་ བྱ་ཤ་མེ་ཊིག་ཊཱོན་༡༨༣༥ དང་ ཕག་ཤ་མེ་ཊིག་ཊཱོན་༨༧༩ དང་ ར་ཤ་མེ་ཊིག་ཊཱོན་༢༩༦ ཐོན་སྐྱེད་འབད་ཡོདཔ་ཨིན་པས།

རྩིས་ལོ་དེ་གི་ དམིགས་གཏད་འགྲུབ་ཐབས་ལུ་ ཕ་སོན་ཁབ་༦,༢༦༩ བཙུགས་ཡོད་མི་ལས་ ཕོ་༩༢༤ དང་ མོ་༡,༤༧༩ སྐྱེས་ཡོད་མི་དེ་ མཐར་འཁྱོལ་གྱི་བརྒྱ་ཆ་༣༨.༣ ཨིན་པས།

གཞུང་གི་ ཕགཔ་གསོ་སྐྱོང་ཁང་ནང་ལས་ ཕག་ཅུང་༥,༩༩༧ གསོ་མི་ལས་༤,༣༢༣ སོ་ནམ་པ་ཚུ་ལུ་ ཕག་ཤ་ཐོན་སྐྱེད་འབད་ཚུགས་པའི་ འོས་འབབ་ཡོད་མི་ རྫོང་ཁག་ཚུ་ལུ་ བཀྲམ་སྤེལ་འབད་ཡོདཔ་ད་ ཁག་འབག་ཐོག་ལས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ལས་ ཕག་ཅུང་༤,༡༦༩ ལེན་ཏེ་ ཤའི་དོན་ལུ་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ བྱ་དང་ཉ་གསོ་སྐྱོང་དོན་ལུ་ སྤུས་ཚད་ཅན་གྱི་ བྱི་ཅུང་དང་ཕག་ཅུང་ཚུ་ བཀྲམ་སྤེལ་འབད་ཡོདཔ་ད་ ཐོན་སྐྱེད་ནུས་ཤུགས་ ཅན་བཟོ་ཐབས་ལུ་ ཞིབ་འཚོལ་ཁག་༡༦ དེ་ཅིག་ཡང་ འགོ་འདྲེན་འཐབ་སྟེ་ཡོདཔ་ཨིན་པས།

སེམས་ཅན་གྱི་ འཕྲོད་བསྟེན་ལེགས་ཤོམ་བཟོ་ཐབས་ལུ་ དཔེ་ཚད་༨,༨༤༣ བསྡུ་མི་ལས་༣,༥༥༢ ལུ་ བརྟག་དཔྱད་འབད་ཡོདཔ་ད་ དེ་གིས་མ་དོ་བར་ སྒོ་ནོར་དང་ བྱ་གི་དོན་ལུ་ སྨན་ཁབ་༤༠,༠༧༦ ཉོ་ཡོདཔ་ད་ ནང་འཁོད་ལས་ཡང་ སྨན་ཁབ་༡༠,༠༧༥ ཐོན་སྐྱེད་འབད་ཡོདཔ་ཨིན་པས།

ལོ་དེ་ནང་ སྒོ་ནོར་གྱི་འཕྲོད་བསྟེན་ཡང་ བརྒྱ་ཆ་༨༦ གྲུབ་ཡོདཔ་ད་ སྒོ་ནོར་སེམས་ཅན་དང་འབྲེལ་བའི་ ནད་གཞི་ཐོབ་མིའི་བརྒྱ་ཆ་ དམིགས་གཏད་དེ་ བརྒྱ་ཆ་༢༩ ཡོད་ས་ལས་༢༤ ལུ་ མར་ཕབ་འབད་ཚུགས་ཡོདཔ་ད་ ལྡད་རྐྱབ་སེམས་ཅན་ཚུ་གི་ རྩྭ་བཅུད་དོན་ལུ་ ཟས་བཅུད་ལས་ཁུངས་ཀྱིས་ ཨེ་ཀར་༢༣༡༠ ནང་ རྩྭ་འཛུགས་སྐྱོང་འབད་ཡོདཔ་ཨིན་པས།

གནམ་དགུན་གྱི་དོན་ལུ་ ཨེ་ཀར་༥༨༠༦ ནང་ ལེགས་བཅོས་འབད་དེ་ འཛུགས་སྐྱོང་འབད་ས་ཡང་ བཟོ་སྟེ་ཡོདཔ་ད་ ལས་ཁུངས་ཀྱིས་ ས་མཐོ་ས་དང་དམའ་ས་ནང་ བཙུགས་ནིའི་དོན་ལུ་ རྩྭ་སོན་མེ་ཊིག་ཊཱོན་༢༩.༦༢ བཟོ་ཡོདཔ་ཨིན་པས།

རྩིས་ལོ་དེ་ནང་ གཞུང་གིས་ དངུལ་ཀྲམ་ས་ཡ་༩༩༧.༠༡༦ བྱིན་ཡོད་མི་ལས་ ཟད་འགྲོ་བཏང་ཚར་མི་དེ་ དངུལ་ཀྲམ་ས་ཡ་༨༩༤.༠༡༦ ལུ་ ཡོད་མི་དེ་ གྲུབ་འབྲས་བརྒྱ་ཆ་༨༩.༦༤ གི་རྩིས་ཨིན་པས།

སྒོ་ནོར་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༡༩ ལུ་ དཔལ་འབྱོར་གྱི་ ལས་སྣའི་ཐོག་ལས་ ནང་འཁོད་འོང་འབབ་ཐོན་སྐྱེད་ལུ་ ལྷན་ཐབས་འབད་ མི་དེ་ དངུལ་ཀྲམ་ས་ཡ་༩༥༡༦.༧༣ ལུ་ཡོད་མི་དེ་ བརྒྱ་ཆ་༨.༧༡ གི་རྩིས་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *