སྤྱི་ལོ་༢༠༡༩ འི་སློབ་དུས་ལས་ སློབ་རིམ་༩ པའི་ནང་ བརྡ་དོན་འཕྲུལ་རིག་གི་ ཆོས་ཚན་ལྷབ་དགོཔ།

༉ སྤྱི་ལོ་༢༠༡༩ ལུ་ སློབ་གྲྭ་ཚུ་ནང་ སློབ་སྟོན་འབད་ནི་ འགོ་བཙུགས་པའི་བསྒང་ལས་ སློབ་རིམ་༩ པའི་ སློབ་ཕྲུག་ཚུ་གིས་ བརྡ་དོན་དང་ བརྒྱུད་འབྲེལ་འཕྲུལ་རིག་གི་ ཆོས་ཚན་དེ་ ངེས་པར་དུ་ ལྷབ་དགོཔ་སྦེ་ ཤེས་རིག་ལྷན་ཁག་ སློབ་གྲྭ་ཤེས༌ཡོན༌ལས་ཁུངས་ཀྱིས་ ཁྱབ་བསྒྲགས་འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༢༡ ལུ་ ལས་ཁུངས་ཀྱིས་ ཁྱབ་བསྒྲགས་འབད་མིའི་ནང་ གདམ་ཁའི་ཆོས་ཚན་ གློག་རིག་དེ་ སློབ་སྟོན་མ་འབད་བར་ བཤོལ་བཞག་ནི་དང་ སྤྱི་ལོ་༢༠༢༠ འི་སློབ་དུས་ནང་ལས་ བརྡ་དོན་དང་ འཕྲུལ་རིག་ཆོས་ཚན་དེ་ སློབ་གྲྭ་ཚུ་ནང་ ཨིན་ཅི་མིན་ཅི་ སློབ་སྟོན་འབད་དགོ་ཟེར་བཀོད་ནུག།
ཆོས་ཚན་དེ་ བདུན་ཕྲག་ཅིག་ནང་ ཚར་གཅིག་ལས་བརྒལ་ སྟོན་མི་དགོ་ནི་ཨིན་པས།
རྒྱལ་གཞུང་ཤེས་རིག་ཚོགས་སྡེའི་ ལས་རིམ་འགོ་དཔོན་གོངམ་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་སྡེ་གིས་ སློབ་རིམ་༩ པའི་ སློབ་ཕྲུག་ཚུ་གི་དོན་ལས་ རྩ་གཞུང་བཟོ་ཚར་ཡོདཔ་བཞིན་དུ་ རྩ་གཞུང་ནང་ ཡན་ལག་༤ ཡོདཔ་ལས་ དེ་གི་སྐོར་ལས་ ད་རིས་ཀྱི་ གནམ་དགུན་གྱི་ ངལ་གསོའི་སྐབས་ སློབ་དཔོན་ཚུ་ལུ་ གོམས་འདྲིས་སློབ་སྦྱོང་བྱིན་འོང་ཟེར་ཨིན་པས།
ཚོགས་སྡེ་གིས་ གློག་རིག་གི་ ཆོས་ཚན་སྟོན་མི་ག་ར་ལུ་ གོམས་འདྲིས་སློབ་སྦྱོང་བྱིན་ནི་གི་ རེ་བ་བསྐྱེདཔ་ཨིན་རུང་ སློབ་གྲྭ་ལ་ལོ་ཅིག་ནང་ འབད་མི་ཚུགས་ནི་མས་ཟེར་ཨིནམ་ད་ སློབ་རིམ་༩ པའི་དོན་ལུ་ སློབ་དཔོན་ཡང་ གློག་རིག་ཆོས་ཚན་གྱི་ ཤེས་ཡོན་ཡོད་མི་ཚུ་ རེ་བ་བསྐྱེད་དོ་ཟེར་ བཤདཔ་ཨིན་པས།
སློབ་རིམ་༤ པ་དང་༦ པའི་ བརྡ་དོན་དང་ འཕྲུལ་རིག་གི་ རྩ་གཞུང་དེ་ སྤྱི་ལོ་༢༠༡༧ ལས་ ལག་ལེན་འཐབ་ཡོདཔ་བཞིན་དུ་ སློབ་རིམ་༧ པ་དང་༨ པའི་ སློབ་ཕྲུག་ཚུ་གི་དོན་ལས་ ཚོས་ཚན་ངེས་པར་དུ་ ལྷབ་དགོཔ་དེ་ སྤྱི་ལོ་༢༠༡༨ ལས་བཟོ་ཡོདཔ་ད་ རྩ་གཞུང་ཡང་ བརྡ་དོན་འཕྲུལ་རིག་གི་ འཆར་གཞི་ཨམ་དང་ འབྲུག་ཤེས་ཡོན་འཆར་གཞི་དང་འཁྲིལ་ཏེ་ ལག་ལེན་འཐབ་དགོཔ་ བཟོ་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ ཁྱབ་བསྒྲགས་ནང་ སློབ་གྲྭ་ག་ར་གིས་ གློག་རིག་གི་ ཁང་མིག་དེ་ བརྡ་དོན་དང་ འཕྲུལ་རིག་ལུ་ རྩིས་སྤྲོད་དགོཔ་མ་ཚད་ སློབ་རིམ་༤ པ་ཡན་ཆད་ བདུན་ཕྲག་རེ་ལུ་ ཆོས་ཚན་ཚར་རེ་ལྷབ་དགོཔ་ ངེས་བདེན་ཨིན་ཟེར་ བཀོད་ནུག།
ལོ་བསྟར་ཤེས་རིག་གི་ གནས་སྡུད་༢༠༡༨ ཅན་མ་དང་འཁྲིལ་བ་ཅིན་ གཞུང་གི་སློབ་གྲྭ་༢༠༥ དང་ སྒེར་གྱི་སློབ་གྲྭ་༢༨ ནང་ གློག་རིག་ཀམ་པུས་ཊར་གྱི་ མཐུན་རྐྱེན་འདུག་ཟེར་ཨིནམ་ད་ སློབ་གྲྭ་ཆུང་བ་༣༠༨ ཡོད་མིའི་གྲས་ལས་༤༦ ནང་ གློག་རིག་མིན་འདུག་ཟེར་ཨིན་པས།
སློབ་གྲྭ་མང་ཤོས་ར་ མཐའ་ཟུར་གཡུས་ཚན་ནང་ ཆགས་མི་དང་ ལ་ལོ་ཅིག་ གློག་མེའི་མཐུན་རྐྱེན་མིན་འདུག་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༨ ཚུན་ཚོད་ དཔྱ་སྙོམས་ལུ་ སློབ་ཕྲུག་༢༣ ལུ་ གློག་རིག་ཀམ་པུས་ཊར་རེ་ ཁྱབ་དོ་ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་གི་དོན་ལས་ གློག་རིག་ཡོད་མི་ཉུང་ཤོས་ར་ སློབ་གྲྭ་བར་མ་ལུ་༢:༢༥ མ་གཏོགས་མེདཔ་ཨིན་རུང་ མཐོ་ཤོས་ར་ གཞུང་གི་སློབ་གྲྭ་ནང་༢:༣༧ ཡོདཔ་ད་ ཡོངས་འབྲེལ་ཨིན་ཊར་ནེཊ་ མཐུད་སྦྲེལ་གྱི་ཐད་ཁར་ སྒེར་སྡེའི་སློབ་གྲྭ་ནང་ བརྒྱ་ཆ་༩༤ དང་ གཞུང་གི་སློབ་གྲྭ་ནང་ བརྒྱ་ཆ་༥༡ དེ་ཅིག་ མཐུད་སྦྲེལ་འབད་དེ་འདུག་ཟེར་ཨིན་པས།
གཞུང་གི་སློབ་གྲྭ་ཆེ་བ་ བརྒྱ་ཆ་༩༥ དང་ སློབ་གྲྭ་ཆུང་བ་བརྒྱ་ཆ་༤༩ ལུ་ ཡོངས་འབྲེལ་མཐུད་སྦྲེལ་འབད་ཡོད་རུང་ སློབ་གྲྭ་ཆུང་བ་བརྒྱ་ཆ་༡༢ ལུ་ གློག་མེ་ར་མ་ལྷོད་པར་ཡོདཔ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *