སྤྱི་ལོ་༢༠༡༧ ལུ་ ལྟ་བཤལཔ་བརྒྱ་ཆ་༢༡.༥ ཡར་སེང་སོང་ཡོདཔ།

༉ སྤྱི་ལོ་༢༠༡༧ ལུ་ འབྲུག་ལུ་འོང་མི་ ལྟ་བཤལ་པའི་གྱངས་ཁ་ བརྒྱ་ཆ་༢༡.༥ ཡར་སེང་སོང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༧ ལུ་ རྒྱལ་ཁབ་ནང་ ཕྱིའི་རྒྱལ་ཁབ་ཚུ་ལས་ བསྡོམས་ཀྱིས་ལྟ་བཤལཔ་༢༣༤,༧༠༤ རྒྱལ་ཁབ་ནང་ ལྟ་སྐོར་གྱི་དོན་ལུ་འོང་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ ལྟ་བཤལཔ་༢༠༩,༥༧༠ ལས་བརྒལ་མ་འོང་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ ལྟ་བཤལཔ་ཡོངས་བསྡོམས་ལས་ ལྟ་བཤལཔ་༧༡,༤༡༧ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ཨིནམ་ད་ ལྟ་བཤལཔ་༡༨༣,༢༨༧ རྒྱ་གར་དང་ བང་ལ་དེཤ་ དེ་ལས་ མཱལ་དིབསི་རྒྱལ་ཁབ་ཚུ་ལས་འོང་མི་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་ཚུ་ཨིན་པས།
སྙན་ཞུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འདས་པའི་ལོ་ནང་ རྒྱལ་སྤྱིའི་ལྟ་བཤལ་པའི་གྱངས་ཁ་ ཡར་འཕར་གྱི་གནས་ཚད་དེ་ བརྒྱ་ཆ་ལས་༡༤.༡ དང་ ལུང་ཕྱོགས་ལྟ་བཤལ་པའི་གནས་ཚད་ བརྒྱ་ཆ་ལས་༢༤.༩ ཡར་སེང་སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལྟ་བཤལཔ་ཚུ་གི་གྲས་ལས་ བརྒྱ་ཆ་༥༤.༧ ཨེ་ཤི་ཡ་དང་ པེ་སི་ཕིག་ནང་ལས་འོང་ཡོདཔ་ད་ དེ་གི་ཤུལ་ལས་ བརྒྱ་ཆ་༢༤.༨ ཡུ་རོབ་དང་ བརྒྱ་ཆ་༡༨ བྱང་ཨ་མེ་རི་ཀ་ལས་ འོང་ཡོདཔ་ཨིན་པས།
ལྟ་བཤལཔ་ཚུ་གི་ནང་ལས་ མཐོ་ཤོས་བརྒྱ་ཆ་༥༩.༡ ཨམ་སྲུ་ལྟ་བཤལཔ་ཚུ་ཨིནམ་ད་ ལྟ་བཤལཔ་བརྒྱ་ཆ་༤༣.༣ སྐྱེས་ལོ་༤༡-༦༠ གི་བར་ན་དང་ དེ་གི་ཤུལ་ལས་ར་ བརྒྱ་ཆ་༢༢.༡ སྐྱེས་ལོ་༦༡-༧༠ བར་ན་འབད་མི་ དེ་ལས་ བརྒྱ་ཆ་༡༩.༩ སྐྱེས་ལོ་༢༦-༤༠ བར་ན་འབད་མི་ཚུ་ཨིན་པས།
སྤྱི་ལོ་༢༠༡༦ དང་ཕྱདཔ་ད་ ཡུ་ཨེསི་དང་ སིངྒ་པོར་ ཡུ་ཀེ་ ཇར་མ་ནི་ མཱལ་ཨེ་ཤི་ཡ་ དེ་ལས་ ཨཱསི་ཊེ་ལི་ཡ་ལས་འོང་མི་ ལྟ་བཤལ་པའི་གྱངས་ཁ་ ཡར་འཛེགས་ཡོད་རུང་ འདས་པའི་ལོ་ནང་ ལྷོ་ཀོ་རི་ཡ་ལས་ ལྟ་བཤལཔ་བརྒྱ་ཆ་༤༨༤.༣༥ འོང་མི་དེ་ མཐོ་ཤོས་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༧ ལུ་ འབྲུག་དང་ ལྷོ་ཀོ་རི་ཡ་བར་ནའི་ མཐུན་ལམ་བརྩི་སྲུང་དོན་ལུ་ ཕབ་ཆག་ཚུ་ཡོད་མི་ལུ་བརྟེན་ ཨིན་པས།
དེ་འབདཝ་ད་ རྒྱ་ནག་དང་ ཐའི་ལེནཌི་ ཇ་པཱན་ རྒྱལ་ཁབ་༣ ནང་ལས་ ལྟ་བཤལ་པའི་གྱངས་ཁ་ མར་བབས་སོང་ཡོདཔ་ཨིན་པས།
ལྟ་བཤལཔ་ཚུ་ཡང་ མཐོ་ཤོས་ར་ སྤྱི་ཟླ་༥ པ་དང་ དེ་གི་ཤུལ་ལས་ར་ སྤྱི་ཟླ་༡༠ པ་ དེ་ལས་ སྤྱི་ཟླ་༦ པ་དང་༤ པ་ དེ་ལས་ སྤྱི་ཟླ་༡༢ པ་དང་༩ པ་ཚུ་ནང་ འོང་དོ་ཡོདཔ་ཨིན་པས།
ཞིབ་འཚོལ་དང་འཁྲིལཝ་ད་ ལྟ་བཤལཔ་གི་རིགས་ལས་ མཐོ་ཤོས་བརྒྱ་ཆ་༨༨.༤ ལམ་སྲོལ་གྱི་ལྟ་བཤལཔ་ཨིནམ་ད་ དེ་གི་ཤུལ་ལས་ར་ རང་བཞིན་གནས་སྟངས་དང་འབྲེལ་བའི་ ལྟ་བཤལཔ་ཚུ་ཨིན་པས།
ལྟ་བཤལཔ་ཚུ་གིས་ ལོ་བསྟར་བཞིན་དུ་ རྫོང་གཞིས་ཁག་དང་ དགོན་སྡེ་ཁག་ཚུ་ནང་ འགོ་འདྲེན་འཐབ་སྲོལ་ཡོད་མི་ ཚེས་བཅུ་ཚུ་ མཇལ་ནིའི་དོན་ལུ་ གཙོ་བོར་བཏོན་དོ་ཡོདཔ་ད་ ཚེས་བཅུ་ཚུ་གི་གྲས་ལས་ མཐོ་ཤོས་སྤ་རོ་ཚེས་བཅུའི་སྐབས་ ལྟ་བཤལཔ་བརྒྱ་ཆ་༣༢.༢ དང་ དེ་གི་འོག་ལས་ར་ ཐིམ་ཕུག་ཚེས་བཅུའི་སྐབས་ བརྒྱ་ཆ་༢༥ འོང་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ དང་ཕྱདཔ་ད་ སྤྱི་ལོ་༢༠༡༧ ལུ་ ལྟ་བཤལ་ལུ་བརྟེན་ འོང་འབབ་བརྒྱ་ཆ་༨.༢ ཀྱིས་ཡར་སེང་སོང་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *