༉ སྤྱི་ལོ་༢༠༡༧ ལོའི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི སྙན་ཞུ་དང་འཁྲིལཝ་ད་ རྩོད་གཞི་ཁག་༡,༣༡༨ ཐོ་བཀོད་འབད་མི་ལས་ སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་ལ་སོགས་པ་དང་འབྲེལ་བའི་ རྩོད་གཞི་ཁག་༥༠༠ ཐོན་མི་དེ་ མཐོ་ཤོས་ཨིན་པས།
སྨྱོ་རྫས་དང་འབྲེལ་བའི་ རྩོད་གཞི་ཐོན་མི་དེ་ བརྒྱ་ཆ་ལས་བཅད་པ་ཅིན་ བརྒྱ་ཆ་༣༧ གྱི་རྩིས་ཨིནམ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལོ་དེ་ནང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མ་དང་ རྒྱབ་འགལ་ཐོག་ལས་ སྐུ་གསུང་ཐུགས་རྟེན་དང་ལམ་སྲོལ་ དེ་ལས་ གཞན་ཡང་ ནང་གཟུངས་དང་ ནང་རྟེན་གངས་ཅན་གྱི་རིགས་ཚུ་ ཁྲིམས་འགལ་ཐོག་ལས་ ཚོང་སྒྱུར་འཐབ་པའི་ བྱ་ངན་འབད་མི་༢༧༤ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཨར་རྐུན་གྱི་ རྩོད་གཞི་ཁག་༡༢༣ ཐོ་བཀོད་འབད་མི་དེ་ མཐོ་ཤོས་གསུམ་པ་ཨིནམ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ ངན་ལྷད་དང་འབྲེལ་བའི་ རྩོད་བཤེར་ལྷོད་མི་ཚུའི་གྲས་ལས་ ལས་སྡེ་ཁག་དང་ གཞུང་གི་ཡིག་ཚང་ དེ་ལས་ སྒེར་སྡེ་ཚུ་ནང་ མ་དངུལ་དང་ཏི་རུ་ ལོག་སྤྱོད་འབད་མིའི་ གནད་དོན་ཁག་༣༥ ཐོན་མི་དེ་ ངན་ལྷད་དང་འབྲེལ་བའི་ རྩོད་དོན་མཐོ་ཤོས་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ལོ་དེ་ནང་ གཞུང་གི་ལས་སྡེ་ཚུའི་གྲས་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ རྩོད་གཞི་༢༣ དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལས་༡,༣༡༨ དེ་ལས་ ལྷན་ཁག་དང་ ལས་སྡེ་ཁག་ཚུ་ནང་ལས་ རྩོད་གཞི་ཁག་༧ ལྷོད་ཡོདཔ་ཨིན་པས།
རྫོང་ཁག་ཚུ་ལས་ལྷོད་པའི་ རྩོད་གཞིའི་ཐད་ཁར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཐིམ་ཕུག་རྫོང་ཁག་ལས་ ཁྲིམས་སྲུང་འགག་སྡེ་གིས་ ཞིབ་དཔྱད་འབད་དེ་ ཡིག་ཚང་ནང་བཏང་མི་ རྩོད་གཞི་ཁག་༣༤༢ ལྷོད་མི་དེ་ རྫོང་ཁག་ཚུའི་གྲས་ལས་ མཐོ་ཤོས་ཨིནམ་ད་ མོང་སྒར་རྫོང་ཁག་ལས་༢༤༦ ལྷོད་མི་དེ་ མཐོ་ཤོས་གཉིས་པ་ཨིན་པའི་ཁར་ སྐུ་གསུང་ཐུགས་རྟེན་དང་འབྲེལ་བའི་ རྩོད་གཞི་མཐོ་ཤོས་དེ་ཡང་ མོང་སྒར་རྫོང་ཁག་ནང་ལས་ ཐོན་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་དྲུང་ཁག་ལས་ རྩོད་གཞི་ཁག་༡༣༨ ལྷོད་མི་ལས་ མང་ཤོས་ར་ སྨྱོ་རྫས་དང་འབྲེལ་བའི་ རྩོད་གཞི་ཚུ་ཨིན་རུང་ མགར་ས་རྫོང་ཁག་ལས་ ལོ་དེ་ནང་ རྩོད་བཤེར་གྱི་དོན་ལུ་ རྩོད་གཞི་ཕུད་རྡོག་གཅིག་ཡང་ ཡིག་ཚང་ནང་ མ་ལྷོདཔ་ཨིན་པས།
ལོ་དེ་ནང་ ཁྲིམས་སྲུང་འགག་སྡེ་ལས་ རྩོད་བཤེར་ཁག་༡,༣༡༨ ལྷོད་མི་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་གཞི་ཁག་༦༧༧ རྩོད་བཤེར་འབད་ཚར་ཡོདཔ་ད་༥༣༦ དེ་ ད་ལྟོ་ ཁྲིམས་འདུན་ཁག་ཚུ་ནང་ལས་ཕར་ རྩོད་བཤེར་འབད་འཕྲོ་ཡོདཔ་ཨིན་པས།
དེ་གི་ལྷག་ལུས་ རྩོད་གཞི་ཁག་༧༥ ལུ་ ཁྲིམས་སྲུང་འགག་སྡེ་ལས་ལྷོད་པའི་སྐབས་ སྒྲུབ་བྱེད་ཡོངས་རྫོགས་མེད་མི་དང་ སྒྲུབ་བྱེད་ལུ་ ཡིད་ཆེས་འདྲོངས་མ་ཚུགས་མི་ དེ་ལས་ ཁྲིམས་མཐུན་མེན་པའི་ཐོག་ལས་ ཞིབ་དཔྱད་འབད་ཡོད་མི་དང་ གནད་དོན་གཞན་ཚུ་ལུ་བརྟེན་ རྩོད་བཤེར་འབད་མ་ཚུགསཔ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ ལོག་གཏང་ཡོདཔ་ཨིན་པས།
ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་གཞི་ལ་ལོ་ འཕྲོ་མཐུད་དེ་ ཞིབ་དཔྱད་འབད་དགོ་པའི་ བཀོད་རྒྱ་བྱིན་ཏེ་ ལོག་གཏང་ཡོདཔ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ལྷོད་མི་ རྩོད་གཞི་ལ་ལོ་ ཉེས་པ་ཡང་ཕྲའི་ཉེས་འཛུགས་ལས་ཆུང་བའི་ གནད་དོན་ཚུ་ཡོདཔ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྤྱི་ལོ་༢༠༠༩ ཅན་མའི་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ བཅའ་ཁྲིམས་དང་འཁྲིལཝ་ད་ དེ་བཟུམ་མའི་ རྩོད་གཞི་ཚུ་ ཁོང་ལུ་ རྩོད་བཤེར་འབད་ནིའི་ དབང་ཆ་ཡོདཔ་ལས་ ལོག་གཏང་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཨ་ལོ་དང་འབྲེལ་བའི་ རྩོད་བཤེར་འབད་ནིའི་ ལམ་སྟོན་ཅིག་ཡང་ བཟོ་ཡོདཔ་ལས་ རྩོད་བཤེར་ཚུ་ ཐོན་པའི་སྐབས་ འབྲེལ་བ་ཡོད་པའི་ ཁྲིམས་སྲུང་འགག་སྡེ་དང་ རྒྱལ་ཡོངས་ཨམ་སྲུ་དང་ ཨ་ལོའི་ལྷན་ཚོགས་ དེ་ལས་ ཁྲིམས་འདུན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ འབད་ཡོདཔ་ད་ ལོ་དེ་ནང་ ཨ་ལོ་དང་འབྲེལ་བའི་ རྩོད་གཞི་ཁག་གསུམ་ རྩོད་བཤེར་འབད་ཡོདཔ་ཨིན་པས།
ད་ལྟོ་ ཁྲིམས་སྲུང་འགག་སྡེ་ལས་ལྷོད་མི་ རྩོད་གཞི་ཚུའི་གྲས་ལས་༡༥ རྐྱངམ་གཅིག་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ད་ སྤྱི་ལོ་༢༠༡༦ ལོའི་ རྩོད་བཤེར་མཇུག་བསྡུ་མ་ཚུགས་མི་༤༥ ཡང་ འཕྲོ་མཐུད་དེ་ རྩོད་བཤེར་འབད་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེ་ལས་ལྷོད་མི་ རྩོད་གཞི་ཚུའི་གྲས་ལས་ རྩོད་གཞི་༦༣༨ ནང་ འབྲེལ་བ་ཡོད་མི་ཚུ་ ཉེས་འཛུགས་ཚུ་ འབད་ཡོདཔ་ད་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལས་ རྩོད་གཞི་ཁག་གཉིས་རྐྱངམ་གཅིག་ལུ་ ཉེས་པ་མེད་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
རྩོད་གཞི་༢༧༤ ལས་ སྐུ་གསུང་ཐུགས་རྟེན་དང་འབྲེལ་བའི་ རྩོད་བཤེར་ལས་བརྟེན་ ཉེས་ཁྲིམས་ཕོག་མི་དེ་ མཐོ་ཤོས་ཨིནམ་ད་ བརྒྱ་ཆ་ལས་བཅད་པ་ཅིན་ བརྒྱ་ཆ་༢༠.༤ གི་རྩིས་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ དེ་ལས་ སྨྱོ་རྫས་ཚུལ་མིན་ཐོག་ལས་ ཚོང་འབྲེལ་འཐབ་པའི་རྩོད་གཞི་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་བཞིན་དུ་ཡོདཔ་ཨིན་པས།
སྨྱོ་རྫས་ནག་ཚོང་འཐབ་མིའི་ གྱངས་ཁ་དེ་ སྤྱི་ལོ་༢༠༡༦ ལུ་༢༤༧ ཡོད་ས་ལས་ ལོ་དེ་ནང་༢༧༨ ལུ་ ཡར་སེང་སོང་ཡོད་རུང་ ཁྲིམས་འགལ་ཐོག་ལས་ སྨྱོ་རྫས་ཀྱི་རིགས་འཆང་མི་དེ་ཡང་ སྤྱི་ལོ་༢༠༡༦ ལུ་༡༡༢ ཡོད་ས་ལས་ ལོ་དེ་ནང་༦ ལུ་ མར་བབས་སོང་ནུག།
ཨིན་རུང་ ཀེ་ན་བཱིསི་དང་ དེ་ལས་བཟོ་བའི་ཐོན་སྐྱེད་ཀྱི་རིགས་ ནག་ཚོང་འཐབ་མི་དེ་ སྤྱི་ལོ་༢༠༡༦ ལུ་༤ ལས་མེད་རུང་ ལོ་དེ་ནང་༨༠ ལུ་ ཡར་སེང་སོང་ཡོདཔ་ད་ ཀེ་ན་བཱིསི་དང་ དེ་གི་ཐོན་སྐྱེད་ཚུ་ ཁྲིམས་འགལ་ཐོག་ལས་ འཆང་སྤྱོད་འབད་མི་དེ་༡༠༠ ལུ་ ཡར་སེང་སོང་ནུག།
དེ་ལས་ ཏམ་ཁུ་དང་འབྲེལ་བའི་ རྩོད་བཤེར་དེ་ཡང་ སྤྱི་ལོ་༢༠༡༦ ལུ་༡༥ ལས་མེད་མི་དེ་ ལོ་དེ་ནང་༢༦ ལུ་ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ ཡོངས་གྲགས་ལུ་ ཨེསི་པི་པ་ལཱསི་ཟེར་མི་ སྨྱོ་རྫས་གསརཔ་ཐོན་མི་དེ་གིས་ གདོང་ལེན་སྦོམ་བྱུང་ཡོདཔ་ཨིན་པས།
སྨྱོ་རྫས་དང་འབྲེལ་བའི་ གནས་སྡུད་ཚུ་ལུ་ལྟཝ་ད་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ སྨྱོ་རྫས་བཀག་ཐབས་ལུ་ ཁྲིམས་དམ་དམ་བཟོ་མི་དེ་གིས་ སྨྱོ་རྫས་སྤྱོད་མི་དང་ ནག་ཚོང་འཐབ་མི་ཚུ་ མར་ཕབ་འབད་ནིའི་ནང་ ཕན་ཐོགས་དོ་བཟུམ་ཅིག་ མི་མཐོང་པས་ཟེར་ བཀོད་ཡོདཔ་ད་ གནས་སྟངས་དེ་ལས་བརྟེན་ མ་འོངས་ཡུན་བརྟན་དོན་ལུ་ སྨྱོ་རྫས་བཀག་ཐབས་འབད་དགོ་པ་ཅིན་ ཐབས་ཤེས་གསརཔ་བཏོན་དགོཔ་འདུག་ཟེར་ཨིན་པས།
ཨ་ལོ་ཚུ་འབྲེལ་བ་ཡོད་པའི་ རྩོད་བཤེར་ཁག་༩༡ ཡོད་མི་ལས་ མཐོ་ཤོས་ར་ ཨར་རྐུན་འབད་མི་དང་ སྐུ་གསུང་ཐུགས་རྟེན་དང་འབྲེལ་བའི་ བྱ་ངན་ནང་ གྲལ་གཏོགས་འབད་མི་ཚུ་ཡོདཔ་ཨིན་པས།
དེ་ལས་ ཨ་ལོ་ལུ་ རྩུབ་སྤྱོད་འབད་བའི་ རྩོད་གཞི་༦༣ ཐོན་ཡོད་རུང་ སྙན་ཞུ་མ་འབད་མི་ཡང་ འོང་སྲིད་ནི་ཨིནམ་ལས་ ཨ་ལོ་རྩུབ་སྤྱོད་འབད་མིའི་གྱངས་ཁ་དེ་ མཐོ་སུ་འོང་ནི་མས་ཟེར་ཨིནམ་ད་ དེ་བཟུམ་མའི་ གནས་སྟངས་ནང་ ཨ་ལོ་ཚུ་ལུ་ གོ་བརྡ་བཤད་བྱིན་ནིའི་ཐབས་ཤེས་ཚུ་ བཏོན་ཚུགས་ནི་མས་ཟེར་བཀོད་ནུག།
ཨམ་སྲུ་ལུ་ རྩུབ་སྤྱོད་དང་འབྲེལ་བའི་ རྩོད་བཤེར་ཁག་༢༢ ཐོ་བཀོད་འབད་ཡོད་རུང་ སྤྱི་ལོ་༢༠༡༦ ལོ་ནང་ གཞང་བཙོང་དང་འབྲེལ་བའི་ གནད་དོན་ཐོག་ལུ་ བརྩོད་བཤེར་ཕུད་རྡོག་གཅིག་ཡང་མེད་པའི་ཁར་ སྤྱི་ལོ་༢༠༡༦ ལུ་ གསེར་ནག་ཚོང་ནང་ འབྲེལ་བ་ཡོད་པའི་ རྩོད་གཞི་ཁག་གསུམ་ ཐོན་མི་དེ་ ཨམ་སྲུ་གྲལ་གཏོགས་འབད་མི་ འགོ་དང་པ་ཨིན་པས།
གསེར་ནག་ཚོང་འཐབ་མིའི་གྱངས་ཁ་ ཡར་སེང་སོང་ཡོད་རུང་ ཙན་དན་དམརཔོ་ནག་ཚོང་འཐབ་མིའི་ གྱངས་ཁ་དེ་ སྤྱི་ལོ་༢༠༡༦ ལུ་༨ ཐོན་མི་ལས་ སྤྱི་ལོ་༢༠༡༧ ལུ་༤ ལུ་ མར་བབས་སོང་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།