༉ ནགས་ཚལ་སྲུང་སྐྱོབ་དང་ ལག་ལེན་སྡེ་ཚན་འོག་གི་ ནགས་ཚལ་མེ་རྐྱེན་འཛིན་སྐྱོང་སྡེ་ཚན་གི་ ཐོ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ དང་༢༠༡༨ ཀྱི་ལོ་ནང་ སྤ་རོ་ལུ་ ནགས་ཚལ་ཨེ་ཀར་༨༠༠༠ དེ་ཅིག་ མེ་གིས་འཚིགས་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ཐོ་དང་འཁྲིལཝ་ད་ རྫོང་ཁག་༡༢ ནང་ ནགས་ཚལ་མེ་རྐྱེན་ཁག་༣༧ བྱུང་མིའི་ནང་ ནགས་ཚལ་ཨེ་ཀར་༡༦,༠༠༠ ལྷགཔ་ཅིག་ མེ་གིས་འཚིགས་ཡོདཔ་སྦེ་ཨིན་པས།
དབང་འདུས་ཕོ་བྲང་རྫོང་ཁག་ནང་ ནགས་ཚལ་མེ་རྐྱེན་ཁག་༧ བྱུང་མིའི་ནང་ ནགས་ཚལ་ཨེ་ཀར་༢,༤༠༠ མེ་གིས་འཚིགས་ཡོད་མི་དེ་ རྒྱལ་ཁབ་ནང་ མཐོ་ཤོས་༢ པ་ཨིནམ་ད་ དེ་ལས་ མོང་སྒར་རྫོང་ཁག་ནང་ མེ་རྐྱེན་ཁག་༥ བྱུང་སྟེ་ ནགས་ཚལ་ཨེ་ཀར་༢,༢༠༠ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
མགར་ས་དང་ བུམ་ཐང་ ཀྲོང་གསར་ གཞལམ་སྒང་ གསར་སྤང་ རྩི་རང་ བསམ་རྩེ་དང་ བསམ་གྲུབ་ལྗོང་མཁར་རྫོང་ཁག་ཚུ་ནང་ ནགས་ཚལ་མེ་རྐྱེན་མ་འབྱུང་རུང་ རྫོང་ཁག་གཞན་ཆ་མཉམ་ནང་ ནགས་ཚལ་མེ་རྐྱེན་ཐེངས་རེ་ བྱུང་ཡོདཔ་ཨིན་པས།
རྫོང་ཁག་༡༢ ནང་ མེ་རྐྱེན་བསྡོམས་༣༧ བྱུང་མིའི་ནང་ ནགས་ཚལ་ཨེ་ཀར་བསྡོམས་༡༦,༢༡༤ མེ་གིས་འཚིགས་ཡོདཔ་ཨིན་པས།
ནགས་ཚལ་གླིང་འཛིན་འགོ་དཔོན་གྱི་ ལོ་བསྟར་དུས་དེབ་ དཔེ་སྐྲུན་འབད་མིའི་ནང་ རྒྱལ་ཁབ་ནང་ གནས་ཚལ་མེ་རྐྱེན་མང་ཤོས་ར་ མི་ཚུ་གིས་ སྣང་མེད་བཞག་མི་ལུ་བརྟེན་ བྱུང་ཡོད་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
ནགས་ཚལ་མེ་རྐྱེན་ཁག་༣༧ བྱུང་མི་ལས་ མེ་རྐྱེན་ཁག་༡༠ མི་གི་ལས་སྣ་ཚུ་དང་ མེ་རྐྱེན་ཁག་༤ གློག་རྒྱུན་རེག་མི་ མེ་རྐྱེན་ཁག་༢ སོ་ནམ་གྱི་རག་རོ་མེ་བཏང་མི་ མེ་རྐྱེན་ཁག་༢ མཛར་ཅུམ་ཟ་མི་ དེ་ལས་ མེ་རྐྱེན་ཁག་རེ་ ནོར་རྫིཔ་དང་ ཏམ་ཁུ་འཐུང་མི་ཚུ་ལུ་བརྟེན་ བྱུང་ཡོདཔ་སྦེ་ཨིན་པས།
གློག་རྒྱུན་རེག་མི་ལུ་བརྟེན་ ནགས་ཚལ་མེ་རྐྱེན་བརྒྱ་ཆ་༡༡ བྱུང་མི་དེ་ མཐོ་ཤོས་ཨིནམ་ད་ སོ་ནམ་རག་རོ་མེ་བཏང་མི་དང་ མཛར་ཅུམ་ཟ་མི་ལུ་བརྟེན་ མེ་རྐྱེན་བརྒྱ་ཆ་༥ རེ་ བྱུང་ཡོདཔ་ཨིན་པས།
འབྲུག་པའི་ནགས་ཚལ་ལུ་ གཙོ་བོ་མེ་རྐྱེན་ལུ་བརྟེན་ གནས་ཚལ་ཨེ་ཀར་༡,༠༠༠ ལས་བཅད་དེ་ མེ་གིས་འཚིགས་མི་དང་ སྐྱེ་ལྡན་རིག་སྣ་ལུ་གནོད་པའི་ནང་ལས་ རབ་ཆད་ཉེན་ཡོད་པའི་ ཤིང་སྣ་དང་སྲོག་ཆགས་ འཁྱམས་ས་མེདཔ་བཏང་མི་ མེ་རྐྱེན་ལུ་བརྟེན་ གཞི་རྟེན་དང་རྒྱུ་དངོས་མེདཔ་བཏང་མི་ དེ་ལས་ འགྲོ་བ་མིའི་འཚོ་བའི་མཐུན་རྐྱེན་ལུ་ ཉེན་ཁ་འབྱུང་ནིའི་ཚ་གྱང་སྦོམ་ཡོདཔ་སྦེ་ སྙན་ཞུ་ནང་འཁོད་ནུག།
སྤྱི་ལོ་༢༠༡༧ ཟླ་༧ པ་ལས་༩ པ་ཚུན་ གནས་ཚལ་མེ་རྐྱེན་བྱུང་བའི་ སྙན་ཞུ་མེད་རུང་ སྤྱི་ཟླ་༢ པ་དང་༣ པའི་ནང་ མེ་རྐྱེན་ཁག་༡༤ བྱུང་ཡོད་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
ན་ཧིང་ ནགས་ཚལ་ཨེ་ཀར་༡༦,༠༠༠ དེ་ཅིག་ མེ་གིས་འཚིགས་ཡོད་ས་ལས་ སྟོང་ཕུ་ཤིང་ཡོད་པའི་ནགས་ཚལ་ཨེ་ཀར་༡༠,༠༠༠ དང་ ཐད་སྟོང་ཡོད་པའི་ནགས་ཚལ་ཨེ་ཀར་༦,༠༠༠ ཨིན་རུང་ ནགས་ཚལ་མེ་རྐྱེན་གྱི་ གྱངས་མཐོ་ཤོས་༢༡ ནང་ ཐད་སྟོང་ཡོད་པའི་ནགས་ཚལ་ འཚིགས་ཡོད་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལོའི་ ལོ་བསྟར་ནགས་ཚལ་གནས་སྡུད་ནང་ ནགས་ཚལ་མེ་རྐྱེན་ཁག་༧༢ སྙན་ཞུ་འབད་མིའི་ནང་ ནགས་ཚལ་ཨེ་ཀར་༢༡,༠༥༧ དེ་ཅིག་ མེ་གིས་འཚིགས་ཡོད་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ནགས་ཚལ་མེ་རྐྱེན་བསྡོམས་༢༡༦ བྱུང་ཡོད་ས་ལས་ ནགས་ཚལ་ཨེ་ཀར་༩༦,༠༤༤ མེ་གིས་འཚིགས་ཡོདཔ་ཨིན་པས།
ནགས་ཚལ་མེ་རྐྱེན་གྱི་ གྱངས་ཁ་མཐོ་ཤོས་དེ་ར་ སྤྱི་ལོ་༢༠༡༣ དང་༢༠༡༤ ལུ་ མེ་རྐྱེན་ཁག་༦༦ བྱུང་མི་དེ་གིས་ ནགས་ཚལ་ཨེ་ཀར་༤༦,༦༩༤ འཚིགས་ཡོད་པའི་གནས་ཚུལ།
སྐད་སྒྱུར་ ཉིམ་རྡོ་རྗེ།