དབང་ཆེན་༡༡ སྡེ་ཚན་གྱི་ མདའ་རྩེདཔ་ཚུ་གིས་ ཆོད་མདའ་གི་ བཀག་རེག་ཕོག་མི་ལུ་ མདའ་འཆམ་རྐྱབ་པའི་བསྒང་།

སྤྱི་ལོ་༢༠༡༧ གྱི་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ནང་ དབང་ཆེན་༡༡ གིས་ རྒྱལ་ཁ་ཐོབ་ཡོདཔ།

༉ འདས་པའི་བདུན་མཐའི་སྐབས་ ཐིམ་ཕུག་ལྕང་གླིང་མི་ཐང་གི་ མདའ་རྩེད་ཐང་ནང་ ཕྱི་རྒྱལ་མདའ་གཞུ་ཐོག་ལས་ སྤྱི་ལོ་༢༠༡༧ ལོའི་ གསེར་ཁྲི་མངའ་གསོལ་གྱི་ རྒྱལ་ཡོངས་མདའ་རྩེད་ཀྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ དབང་ཆེན་༡༡ སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།
རྩེད་འགྲན་དེ་ཡང་ དབང་ཆེན་༡༡ དང་ དངོས་གྲུབ་བཀྲམ་སྤེལ་སྡེ་ཚན་༢ ཀྱི་བར་ན་ འབད་ཡོདཔ་བཞིན་དུ་ དབང་ཆེན་༡༡ གིས་ སྐུགས་༢ སྦྱེལཝ་སྦྱེལ་སར་ཆོད་ཐོག་ལས་ བྱང་ཕྱད་སྡེ་ཚན་དེ་ ཕམ་བཏང་ཡི།
མ་གཞི་ ཨ་རྟག་འབད་བ་ཅིན་ མཐའ་བཅད་འགྲན་བསྡུར་སྐབས་ སྐུགས་༡ ཆོད་ནི་ལུ་ ཉིནམ་༡ ཡང་ཅིན་ ཉིནམ་ཕྱེ་ཀ་དེ་ཅིག་ འགོར་དོ་ཡོད་རུང་ དབང་ཆེན་༡༡ གིས་ སྐོར་ཐེངས་༣ གྱི་ ནང་འཁོད་ལུ་ར་ སྐུགས་༡ ཆོད་བཏངམ་ད་ དངོས་གྲུབ་སྡེ་ཚན་གྱིས་ སྐུགས་༡ ཡང་ ཐོབ་མ་ཚུགས།
མཐའ་བཅད་འགྲན་བསྡུར་ བལྟ་བར་འོང་མི་ཚུ་གིས་ སླབ་མིའི་ནང་ རང་ལུགས་དང་ ཕྱི་རྒྱལ་གྱི་ མདའ་གཞུ་གང་རུང་གི་ཐོག་ལུ་ འགརན་བསྡུར་འབད་བའི་སྐབས་ མདའ་རྩེདཔ་ཚུ་ ལགཔ་ཚ་དྲགས་ཡོདཔ་ལས་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ ཉིན་གྲངས་༢ ཀྱི་རིང་ རྩེད་འགྲན་འབད་དགོཔ་ བྱུངམ་ཨིན་རུང་ ད་རེས་ ཉིམ་༡ ནང་ར་ མཇུག་བསྡུ་མི་ལུ་ལྟཝ་ད་ བྱང་ཕྱད་སྒྲིང་སྒྲི་མེད་པའི་ བརྡ་མཚོན་སྟོནམ་མས་ཟེར་ཨིན་པས།
མ་གཞི་ དབང་ཆེན་༡༡ དེ་ མདའ་རྩེད་འགྲན་བསྡུར་ཚུ་ནང་ དུས་རྒྱུན་དུ་ བཅའ་མར་གཏོགས་མི་ སྡེ་ཚན་ཅིག་ཨིན་རུང་ དངོས་གྲུབ་སྡེ་ཚན་དེ་ ད་རེས་ མཐའ་བཅད་འགྲན་བསྡུར་ནང་ལྷོད་མི་ དང་པ་ཨིནམ་མ་ཚད་ མདའ་རྩེདཔ་ཚུ་ཡང་ མང་ཤོས་ར་ གསརཔ་འབད་བ་ལུ་བརྟེན་ དོ་འགྲན་འབད་མ་ཚུགསཔ་ འོང་ནི་མས་ཟེར་ཨིན་པས།
ཉིན་ལྟོ་མ་ཟ་བའི་ཧེ་མར་ དངོས་གྲུབ་སྡེ་ཚན་གྱིས་ དོ་འགྲན་སྦོམ་ འབད་མ་ཚུགས་རུང་ ལྟོ་ཟ་ཞིནམ་ སྡེ་ཚན་གཉིས་ཆ་རའི་ མདའ་རྩེདཔ་ཚུ་གིས་ ཀག་རེག་གཅིག་གཉིས་ཤུལ་སྦེ་ རྐྱབ་ཡོདཔ་ལས་ སྐུགས་ཆོད་ནི་ལུ་ དུམ་གྲ་ཅིག་ ལཱ་ཁག་བཏང་ཡི།
སྐུགས་དང་པ་ཆོད་པའི་སྐབས་ དངོས་གྲུབ་སྡེ་ཚན་གྱིས་ སྐུགས་༡ ལས་བརྒལ་ ཐོབ་མ་ཚུགས་རུང་ སྐོར་ཐེངས་༢ པའི་ནང་ སྐུགས་༡༢ ཐོབ་ཡོདཔ་ད་ དབང་ཆེན་༡༡ གིས་ ན་ཧིང་ཡང་ རྩེད་འགྲན་དེ་ནང་ལས་ ཨང་༢ པ་ཐོན་ཡོདཔ་ཨིན་པས།
མདའ་རྩེད་འགྲན་བསྡུར་དེ་ནང་ རྒྱལ་ཁབ་ནང་འཁོད་ལས་ སྡེ་ཚན་༣༡ གིས་ བཅའ་མར་གཏོགས་མི་དེ་ ན་ཧིང་ལས་ སྡེ་ཚན་༡ ཡར་འཕར་སེང་སོང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *