སྤྱི་ལོ་༢༠༡༦ ལུ་ ནང་འཁོད་འོང་འབབ་ བརྒྱ་ཆ་༡.༣༩ ཡར་སེང་སོང་ཡོདཔ།

ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ རྩིས་ཁྲའི་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༥ དང་ཕྱདཔ་ད་ སྤྱི་ལོ་༢༠༡༦ ལུ་ ནང་འཁོད་ཀྱི་འོང་འབབ་ བརྒྱ་ཆ་༡.༣༩ ཡར་སེང་སོང་ནུག།

སྤྱི་ལོ་༢༠༡༦ ལུ་ འོང་འབབ་ཡར་སེང་སོང་མི་དེ་ཡང་ གཙོ་བོ་ར་ བཟོ་སྐྲུན་དང་ སྐྱེལ་འདྲེན་ དེ་ལས་ བརྡ་དོན་བརྒྱུད་འབྲེལ་ལས་ཁུངས་ཚུ་ ཡར་དྲག་སོང་མི་ལུ་བརྟེན་ཨིན་པས།

བཟོ་སྐྲུན་དང་ སྐྱེལ་འདྲེན་ནང་ བརྒྱ་ཆ་༡.༩༨ དང་ བརྡ་དོན་བརྒྱུད་འབྲེལ་ནང་ བརྒྱ་ཆ་༡.༡༢ ཡར་སེང་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༦ ལུ་ འཕྲུལ་རིག་དང་ ཅ་ཆས་ཚུ་ནང་ ཟད་འགྲོ་བརྒྱ་ཆ་༡༠.༣༦ ཡར་སེང་སོང་མི་དང་ བཟོ་སྐྲུན་ལས་སྡེ་ནང་ བརྒྱ་ཆ་༩.༥༨ ཡར་སེང་སོང་མི་དེ་གིས་ དཔལ་འབྱོར་གནས་སྟངས་ལུ་ ལྷན་ཐབས་སྦོམ་འབད་ནུག།

སྤྱི་ལོ་༢༠༡༦ ལུ་ གཞི་རྟེན་འོང་འབབ་བརྒྱ་ཆ་༥༩.༣༨ ཡར་འཛེགས་མི་དེ་ སྤྱི་ལོ་༢༠༡༥ ལུ་ བརྒྱ་ཆ་༢༣.༡༢ འབད་མི་དང་ཕྱདཔ་ད་ ཡར་སེང་སོང་ནུག།

ལོ་དེ་ནང་ སྐྱ་ནམ་གྱི་གོང་ཚད་དེ་ཡང་ བརྒྱ་ཆ་༤.༢༤ ལུ་ ལྷོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༠.༥༣ གྱིས་ ཡར་སེང་སོང་ཡོདཔ་ད་ རྒྱལ་ཡོངས་གསོག་འཇོག་དེ་ཡང་ སྤྱི་ལོ་༢༠༡༦ ལུ་ བརྒྱ་ཆ་༦༥.༦༤ ཡར་སེང་སོང་ནུག།

ལོ་དེ་ནང་ རྒྱལ་ཡོངས་ཀྱི་ གསོག་འཇོག་ལེགས་ཤོམ་ཡོད་རུང་ རྒྱལ་ཁབ་ཀྱི་དཔལ་འབྱོར་དོན་ལས་ མ་རྩ་བཙུགས་ནི་ལུ་ མ་ལང་པར་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༥ ལུ་ དངུལ་ཀྲམ་ས་ཡ་༧༡,༢༨༦.༩༨ དགོ་ས་ལས་ སྤྱི་ལོ་༢༠༡༦ ལུ་ དངུལ་ཀྲམ་ས་ཡ་༨༡,༨༡༤.༤༤ ལྷོད་ཡོདཔ་ཨིན་པས།

ཟད་འགྲོ་གཏང་ནི་དེ་ཡང་ སྤྱི་ལོ་༢༠༡༥ དང་ཕྱདཔ་ད་༢༠༡༦ ལུ་ བརྒྱ་ཆ་༡༡.༩༧ གྱིས་ ཡར་སེང་སོང་ཡོདཔ་ད་ ལོ་དེ་ནང་ སོ་ནམ་དང་ སྒོ་ནོར་ དེ་ལས་ ནགས་ཚལ་ལས་ཁུངས་ཀྱི་གྲས་ལས་ ནགས་ཚལ་ལས་ཁུངས་ཀྱིས་ གྲུབ་འབྲས་ལེགས་ཤོམ་མ་ཐོནམ་ལས་ ལས་ཁུངས་དེ་གི་ གྲུབ་འབྲས་དེ་ཡང་ དུམ་གྲ་ཅིག་ མར་བབས་སོང་ནུག།

སོ་ནམ་ལས་ཁུངས་ནང་ གཙོ་བོ་ར་ ལོ་ཐོག་ཚུ་གི་ གྲུབ་འབྲས་ལུ་ རག་ལས་དོ་ཡོདཔ་ད་ བཟོ་གྲྭ་ཁང་ཚུ་ནང་ སྤྱི་ལོ་༢༠༡༦ ལུ་ བརྒྱ་ཆ་༦.༧༩ ཡར་སེང་སོང་ཡོདཔ་ད་ དེ་གི་ནང་ལས་ བཟོ་སྐྲུན་ལས་སྡེ་གིས་ ཡར་སེང་མཐོ་སུ་ འབད་ནུག།

ལོ་དེ་ནང་ ལོ་ཐོག་གི་ ཐོན་སྐྱེད་དེ་ཡང་ བརྒྱ་ཆ་༦.༥༤ ཡར་སེང་འབད་ཡོདཔ་ད་ སྒོ་ནོར་ནང་འབད་བ་ཅིན་ ནོར་གྱི་གྱངས་ཁ་ བརྒྱ་ཆ་༡༡.༧༦ ཡར་སེང་སོང་ཡོདཔ་ཨིན་རུང་ རྟ་དང་ རི་གླང་གི་གྱངས་ཁ་དེ་ མར་བབས་སོང་བཞིན་དུ་འདུག།

ས་གཏེར་ལས་ཁུངས་ནང་ཡང་ བརྒྱ་ཆ་༡༡.༤༧ གུ་ལྷོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༡.༩༡ མར་བབས་སོང་ཡོདཔ་ད་ མར་བབས་དེ་ཡང་ ལས་ཁུངས་ཀྱི་ གཏེར་ཁ་གཞན་ཚུ་ནང་ གྲུབ་འབྲས་ལེགས་ཤོམ་ མ་ཐོན་མི་ལུ་བརྟེན་ཨིན་པས།

ཆུ་དང་ གློག་མེའི་བཀྲམ་སྤེལ་དེ་ཡང་ སྤྱི་ལོ་༢༠༡༥ ལུ་ བརྒྱ་ཆ་༧.༤༣ ལས་ བརྒྱ་ཆ་༤.༧༩ གིས་ མར་བབས་སོང་ཡོདཔ་ད་ ལས་ཁུངས་དེ་གི་ གྲུབ་འབྲས་དེ་ གཙོ་བོ་ར་ གློག་མེའི་གྲུབ་འབྲས་དང་འཁྲིལ་ འགྱོ་དོ་ཡོདཔ་ཨིན་པས།

སྦུང་ཚོང་དང་ སིལ་ཚོང་ལས་ཁུངས་ནང་ བརྒྱ་ཆ་༡༠.༥༩ ལུ་ལྷོད་མི་དེ་ བརྒྱ་ཆ་༢.༡༢ མར་བབས་སོང་བའི་རྟགས་ཨིནམ་ད་ ལས་ཁུངས་ཀྱིས་ ལོ་དེ་ནང་ ནང་འཁོད་འོང་འབབ་ བརྒྱ་ཆ་༠.༨༧ གྱི་རྩིས་ ལྷན་ཐབས་འབད་ནུག།

དངུལ་འབྲེལ་དང་ ཉེན་བཅོལ་ དེ་ལས་ ཚོང་འབྲེལ་གཞན་ནང་འབད་བ་ཅིན་ སྤྱི་ལོ་༢༠༡༥ ལུ་ དངུལ་ཀྲམ་ས་ཡ་༩,༧༤༦.༤༢ ལས་ སྤྱི་ལོ་༢༠༡༦ ལུ་ དངུལ་ཀྲམ་ས་ཡ་༡༠,༨༩༢.༣༩ ལུ་ ལྷོད་ཡོདཔ་ད་ ལས་ཁུངས་དེ་ནང་ ལོ་དེ་ནང་ བརྒྱ་ཆ་༡༡.༢༠ ཡར་སེང་སོང་ཡོདཔ་ཨིན་པས།

ཤེས་རིག་དང་ གསོ་བའི་ལས་སྡེ་ནང་ཡང་ ལོ་དེ་ནང་ ཡར་སེང་རྒྱ་ཆེ་དྲགས་སྦེ་ སོང་ཡོདཔ་ཨིན་རུང་ སྒེར་སྡེ་དང་ མི་སྡེ་ དེ་ལས་ སྤྲོ་གསེང་ཞབས་ཏོག་ཚུ་ནང་འབད་བ་ཅིན་ བརྒྱ་ཆ་༠.༠༢ མར་བབས་སོང་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *