སྤྱི་ལོ་༢༠༡༦ དང་༢༠༡༧ ལོའི་ ལཱ་གཡོག་གི་ བརྟག་ཞིབ་སྙན་ཞུ་ གསར་བཏོན་མི་འབད་ནི།

༉ ལས་གཡོག་ལྷན་ཁག་གིས་ སྤྱི་ལོ་༢༠༡༦ དང་༢༠༡༧ ལོའི་ ལཱ་གཡོག་བརྟག་ཞིབ་འབད་ཚར་ཡོད་རུང་ སྙན་ཞུ་དེ་ གསར་བཏོན་མ་འབད་བར་ ཡོདཔ་ཨིན་པས།
ལཱ་གཡོག་བརྟག་ཞིབ་སྙན་ཞུ་ ཐེངས་༡༤ པ་དེ་ གསར་བཏོན་མ་འབད་མི་དེ་ཡང་ ལྷན་ཁག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་སྙན་ཞུ་ལ་ལོ་ཅིག་ནང་ དུམ་གྲ་ཅིག་ སྐྱོན་ཡོདཔ་ལས་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།
ལཱ་གཡོག་ཞབས་ཏོག་སྡེ་ཚན་གྱི་ ལས་གཡོག་གཙོ་འཛིན་ ཨོ་རྒྱན་བསྟན་འཛིན་གྱིས་ སླབ་མིའི་ནང་ ལཱ་གཡོག་གི་ བརྟག་ཞིབ་འབད་བའི་སྐབས་ ལཱ་གཡོག་ཐབས་རིག་སྡེ་ཚན་གྱིས་ ཐབས་རིག་གི་ དཔེ་ཚད་ནང་ སྟབས་མ་བདེཝ་དང་ བརྟག་ཞིབ་ཀྱི་ལག་ཆས་ ཐབས་ལམ་ དེ་ལས་ ལཱ་གཡོག་གི་ ངེས་ཚིག་ལུ་ སྐྱོན་ཡོདཔ་སྦེ་ མངོན་གསལ་བྱུང་ནུག་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༡༦ དང་༢༠༡༧ ལུ་ ལཱ་གཡོག་མ་ཐོབ་པའི་ གནས་སྡུད་དེ་ རྒྱལ་ཡོངས་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ཀྱི་ སྙན་ཞུ་དང་འཁྲིལ་ཏེ་ འབད་ནི་སྦེ་ གྲོས་ཐག་བཅད་དེ་ཡོདཔ་བཞིན་དུ་ རྒྱལ་ཡོངས་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ཀྱི་ སྙན་ཞུ་དེ་ལུ་ རྒྱལ་སྤྱི་གནས་རིམ་ནང་ བརྒྱ་ཆ་༩༩ ངེས་ཏིག་ཨིནམ་སྦེ་ ཆ་བཞག་དོ་ཟེར་ཨིན་པས།
ལཱ་གཡོག་གི་ སྙན་ཞུ་དེ་ ལོ་བསྟར་བཞིན་དུ་ གསར་བཏོན་འབད་ཐོག་ལས་ རྒྱལ་ཁབ་ཀྱི་ ལཱ་གཡོག་གནས་སྟངས་ཀྱི་སྐོར་ལས་ ཤེས་ཚུགས་དོ་ཡོདཔ་ད་ སྤྱི་ལོ་༢༠༡༥ ལོའི་ ལཱ་གཡོག་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པའི་ གྱངས་ཁ་དེ་ བརྒྱ་ཆ་༢.༥ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ གྱངས་ཁ་དེ་ བརྒྱ་ཆ་༡༠.༧ ཡོད་པའི་ཁར་ ཨམ་སྲུ་ལཱ་གཡོག་ མ་ཐོབ་མི་དེ་ བརྒྱ་ཆ་༡༢.༧ ཡོདཔ་ཨིན་པས།
ཨོ་རྒྱན་བསྟན་འཛིན་གྱིས་ སླབ་མིའི་ནང་ ལཱ་གཡོག་སྙན་ཞུ་ གསར་བཏོན་འབད་ནི་ལུ་ འབྲུག་འཚོ་སྐྱོང་གནས་ཚད་སྙན་ཞུ་ སྤྱི་ལོ་༢༠༡༧ ཅན་མ་དང་ རྒྱལ་ཡོངས་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་སྙན་ཞུ་ལུ་ བསྒུག་དོ་ཟེར་ཡོདཔ་ལས་ དེ་གིས་ རྒྱལ་ཁབ་ཀྱི་ ལཱ་གཡོག་མ་ཐོབ་པའི་ གནས་སྟངས་ཚུ་ ཤེས་ཚུགས་ཟེར་ཨིན་པས།
ལཱ་གཡོག་གི་ སྙན་ཞུ་བསྐྱར་ཞིབ་འབདཝ་ད་ འབྲུག་འཚོ་སྐྱོང་གནས་ཚད་དང་ རྒྱལ་ཡོངས་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ཚུ་ལུ་ བརྟག་ཞིབ་འབད་ཡོདཔ་ལས་ རྒྱལ་ཁབ་ནང་ གནས་སྡུད་སོ་སོ་མི་འཐོན་ནི་དང་ མི་སེར་ དེ་ལས་ སྲིད་བྱུས་བརྩམས་མི་ཚུ་ཡང་ སྙན་ཞུ་ལེ་ཤ་ཡོད་མི་ལུ་བརྟེན་ མགུ་འཐོམ་མི་འབྱུང་ནིའི་དོན་ལུ་ བསྒུག་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
ལྷན་ཁག་དང་ མི་གཞན་ག་གིས་ཡང་ ལཱ་གཡོག་སྙན་ཞུ་དེ་ གསར་བཏོན་མ་འབད་ཟེར་ རྒྱུད་བསྐུལ་འབད་མི་ མ་ཐོན་ཟེར་ གཙོ་འཛིན་འགོ་དཔོན་གྱིས་ བཤད་ཅི།
ཐབས་རིག་སྡེ་ཚན་ནང་ ཤེས་རིག་དང་ གསོ་བ་ དེ་ལས་ ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཚུ་ཡོད་པའི་ཁར་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་ཡོདཔ་བཞིན་དུ་ ཁོང་གིས་ སྙན་ཞུ་དེ་ བསྐྱར་ཞིབ་འབད་ནུག།
དེ་མ་ཚད་ དཔལ་འབྲུག་ཞིབ་འཇུག་ལྟེ་བ་གིས་ཡང་ བསྐྱར་ཞིབ་འབད་ཡོད་རུང་ ཁོང་གིས་ཡང་ སྙན་ཞུ་ནང་ སྟབས་མ་བདེཝ་ཡོད་པའི་ མངོན་གསལ་བྱུང་ནུག་ཟེར་ ཨོ་རྒྱན་བསྟན་འཛིན་གྱིས་ བཤད་པའི་ཁར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྙན་ཞུ་ནང་ཡང་ ལཱ་གཡོག་གི་ བརྟག་ཞིབ་སྙན་ཞུའི་ དོན་ཚན་ཁག་ལེ་ཤ་ཅིག་ནང་ར་ སྟབས་མ་བདེཝ་ཡོད་པའི་ དྲི་བཀོད་འབད་མི་ལུ་ཡང་ ཆ་གནས་ཡོད་ཟེར་ཨིན་པས།
རྒྱལ་སྤྱིའི་ལཱ་གཡོག་གི་ ངེས་ཚིག་དང་འཁྲིལཝ་ད་ སྐྱེས་ལོ་༡༥ ཡན་ཆད་འབད་མི་ཚུ་ ལཱ་གཡོག་ནང་ འཛུལ་ནི་གི་ འོས་འབབ་ཡོད་རུང་ འབྲུག་པའི་ལཱ་གཡོག་བཅའ་ཁྲིམས་ནང་ སྐྱེས་ལོ་༡༨ ཡན་ཆད་ལས་རྐྱངམ་གཅིག་ ལཱ་གཡོག་ནང་ འཛུལ་ཆོགཔ་སྦེ་ གསལ་བཀོད་འབད་ནུག།
དེ་འབདཝ་ད་ ལཱ་གཡོག་བརྟག་ཞིབ་དེ་ སྐྱེས་ལོ་༡༥ ཡན་ཆད་ལས་ འབད་ཡོདཔ་ཨིན་པས།
ལཱ་གཡོག་མ་ཐོབ་མི་ བརྒྱ་ཆ་༦༦ དེ་ཅིག་ གྲོང་གསེབ་ཚུ་ནང་ཡོདཔ་ལས་ ལཱ་གཡོག་གི་ དཔེ་ཚད་མངམ་དེ་ནང་ ལག་ལེན་འཐབ་དོ་ཟེར་ཨིནམ་ད་ འཕྲལ་ཁམས་ཀྱི་ སྙན་ཞུ་དེ་ མང་ཤོས་ར་ ཁྲོམ་སྡེ་ནང་ འབད་ནུག་ཟེར་ ཨོ་རྒྱན་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷན་ཁག་གིས་ ཧེ་མའི་སྙན་ཞུ་ཚུ་ བསྐྱར་ཞིབ་མ་འབད་རུང་ སྙན་ཞུ་ལག་ལེན་འཐབ་མི་ཚུ་གིས་ སྙན་ཞུ་ནང་ སྟབས་མ་བདེཝ་བྱུང་བའི་ བསམ་ལན་ལྷོད་ཞིནམ་ལས་ཚུར་ བསྐྱར་ཞིབ་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ཀྱི་ ལཱ་གཡོག་བརྟག་ཞིབ་དེ་ ཐབས་ལམ་དང་ དཔེ་ཚད་ལེགས་ཤོམ་ཐོག་ལུ་ འགོ་འདྲེན་འཐབ་ནི་གི་ ལས་འཆར་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *