སྤྱི་ལོ་༢༠༡༣ དང་ཕྱདཔ་ད་ ཚོགས་རྒྱན་བཙུགས་མི་བརྒྱ་ཆ་༤ ཡར་སེང་།

༉ བཙག་འཐུ་མ་རན་པའི་ཧེ་མ་དང་ སྔོན་འགྲོའི་གྲུབ་འབྲས་ གསལ་སྟོན་མ་འབད་བའི་སྐབས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གིས་ བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ཚུགས་པའི་ སྔོན་བཤད་འབད་ཡོདཔ་ཨིན་རུང་ ཚོགས་རྒྱན་མང་སུ་ལྷོད་པའི་བསྒང་ལས་ དོ་འགྲན་ངོ་མ་དེ་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པའི་བར་ན་ བྱུང་ཡོདཔ་བཞིན་དུ་ མཐའན་མཇུག་ཁར་ མི་སེར་དམངས་གཙོ་ཚོགས་པ་དེ་ ཚོགས་རྒྱན་གྱི་ཁྱད་པར་སྦོམ་ཆགས་ཏེ་ ཕམ་སོ་ཡི།

མ་གཞི་ གཅིག་ལས་བལྟ་བ་ཅིན་ གཞུང་སྐྱོང་ཚོགས་པ་སོར་བ་ཅིན་ རྒྱལ་ཁབ་ནང་ ཧེ་མ་ལས་དྲག་པའི་ ལེགས་པའི་འགྱུར་བ་ འབག་འོང་ཚུགས་པའི་ རེ་བ་བསྐྱེད་ཡོདཔ་འོང་ནི་ཨིན་མས།

འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་ཐོབ་དགོ་པའི་ གནད་དོན་གཅིག་ ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་གིས་ ག་ཏེ་འབད་རུང་ སྐུལ་བསྒྲགས་འབད་བའི་སྐབས་ གཞུང་སོར་དགོ་པའི་སྐོར་ལས་ གནད་ཁུངས་གསལ་བཤད་འབད་མི་དེ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ སེམས་ཁར་བཞག་ཐོག་ལས་ ངོས་ལེན་འབད་འབདཝ་བཟུམ་ཅིག་ཨིན་མས།

ཨིན་རུང་ ད་ལྟོ་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་གསརཔ་འཚོགས་ཚུགས་མི་ཚུགས་ གཏན་འཁེལ་སྦེ་ སླབ་མ་ཚུགས་མི་དེ་ཡང་ སྤྱིར་བཏང་བཙག་འཐུ་ འགོ་འདྲེན་མ་འཐབ་ནི་དེ་གིས་ཨིན།

འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ཁོངས་མང་ཤོས་ཅིག་ནང་ ཚོགས་རྒྱན་འབོར་ཆེ་ཏོག་ཏོ་སྦེ་ ཐོབ་ཡོདཔ་མ་ཚད་ ཐ་ན་ ཚོགས་པ་གཞན་ལུ་ རྒྱབ་སྐྱོར་སྒྲིང་སྒྲི་ཡོད་མི་ འདེམས་ཁོངས་ཚུ་ནང་འབད་རུང་ ཚོགས་རྒྱན་གྱི་ཁྱད་པར་ གངམ་མེདཔ་སྦེ་ ཐོབ་ཚུགས་ཅི།

འབྲུག་མཉམ་རུབ་ཚོགས་པ་གིས་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་ཨིན་ཟེར་མི་ ཁས་བླངས་གསལ་བསྒྲགས་འབད་མི་དེ་གིས་ སྤྱིར་བཏང་ཚོགས་རྒྱན་བཙུགས་མི་ཚུ་གི་ སེམས་ཁར་བབས་མི་ལུ་བརྟེན་ མཐའ་བཅད་གྲུབ་འབྲས་ གསལ་སྟོན་འབད་ནི་ལུ་ གལ་ཆེ་དྲགས་ཅིག་ཨིན་མི་ འགྲེམ་ཐོག་ཚོགས་རྒྱན་ མང་ཤོས་ཐོབ་ནུག།

ང་བཅས་ཀྱིས་ ཚོགས་པ་ཚུ་གི་ ཚོགས་རྒྱན་གྲུབ་འབྲས་ལུ་ བརྟག་ཞིབ་འབད་ལྟཝ་ད་ འབྲུག་ཀུན་མཉམ་ཚོགས་པ་མ་གཏོགས་ ཚོགས་པ་གཞན་གསུམ་གྱི་བར་ན་ དོ་འགྲན་དམ་དམ་འབད་ཡོད་པའི་ ངོས་འཛིན་བྱུང་ཡི།

འགོ་ཐོག་བཙག་འཐུ་ནང་ འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ཁོངས་༡༦ ལས་ ཚོགས་རྒྱན་མངམ་ཐོབ་ཡོདཔ་བཞིན་དུ་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་༢༢ ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་གྱི་ཁྱད་པར་ བརྒྱ་ཆ་༠.༩ གི་ཐོག་ལས་ རྒྱལ་ཁ་ཐོབ་ནུག།

བྱ་ཁྲུང་ཁྲུང་གིས་ མོང་སྒར་དང་ བཀྲིས་སྒང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ པདྨ་དགའ་ཚལ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་མཐོ་ཤོས་ཡོད་མི་དང་བསྟུན་ ཚོགས་རྒྱན་ཡང་ ཚོགས་པ་གཞན་དང་ཕྱདཔ་ད་ མཐོ་ཤོས་ཐོབ་ནུག།

སྤྱི་ལོ་༢༠༡༨ ཀྱི་འགོ་ཐོག་བཙག་འཐུ་ནང་ ཨམ་སྲུ་དང་ཕྱདཔ་ད་ ཚོགས་རྒྱན་བཙུགས་མི་མངམ་ ཕོ་སྐྱེས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༣ དང་ཕྱདཔ་ད་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༤ ཡར་སེང་སོང་ནུག།

འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་བརྒྱ་ཆ་༡༠ ཐོབ་མ་ཚུགས་ནི་དེ་གིས་ རྒྱལ་ཁམས་མ་དངུལ་གྱི་དོན་ལུ་ འོས་འབབ་མེད་མི་དེ་ སེམས་སྐྱོ་སི་སི་ཅིག་ཨིན་མས།

སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ ཚོགས་པ་གཉིས་ཀྱི་ སྐུལ་བསྒྲགས་དེ་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཀུན་མཉམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་ལུ་ རག་ལས་ནི་ཨིནམ་ད་ ད་ལྟོའི་ གྲུབ་འབྲས་ལུ་ལྟཝ་ད་ སྤྱི་ཚོགས་༣ པའི་ནང་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པའི་ འདེམས་ངོའི་གྱངས་ཁ་དེ་ ཧ་ལམ་ འདྲན་འདྲ་འཚམས་ཅིག་ འོང་ནི་ཨིན་མས།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *