སྤྱི་རུབ་ཐོག་ལས་ སྨན་ཁབ་ལས་རིམ་ མཐར་འཁྱོལ་ཅན་བཟོ་དགོཔ།

༉ རྒྱལ་ཁབ་མཐའ་དབུས་མེད་པར་ ནད་ཡམས་ཀོ་བིཌ་-༡༩ འི་ རྒྱལ་ཡོངས་སྨན་ཁབ་ལས་རིམ་ཐེངས་༢ པ་ འགོ་བཙུགས་ཏེ་ ཁ་ཙ་ ཉིནམ་༢ པའི་ནང་ ཁྱད་ཚད་ལྡན་མི་༡༥༥,༠༠༠ ལྷགཔ་ཅིག་གིས་ སྨན་ཁབ་བཙུགས་པར་ འོང་མི་ལུ་ལྟཝ་ད་ ངོས་ལེན་ལེགས་ཤོམ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་མས།

འཆར་གཞི་དང་འཁྲིལ་ཏེ་ སྤྱི་ཟླ་༣ པའི་ནང་ རྒྱལ་ཡོངས་སྨན་ཁབ་ལས་རིམ་ ཐེངས་དང་པ་ འགོ་འདྲེན་འཐབ་པའི་ཤུལ་ལས་ བདུན་ཕྲག་༨ དང་༡༢ ཀྱི་ནང་འཁོད་ལུ་ སྨན་ཁབ་ཐེངས་༢ པ་ བཙུགས་མ་ཚུགས་པར་ དུས་ཡུན་དུམ་གྲ་ཅིག་ ཕྱིས་སོ་རུང་ དེ་ལུ་ ཁྱད་པར་མེད་མི་དེ་ཡང་ ཚན་རིག་མཁས་པ་ཚུ་གིས་འབད་བ་ཅིན་ ཐ་ན་ བདུན་ཕྲག་༡༦ ལང་རུང་ སྨན་ཁབ་ལུ་བརྟེན་པའི་ ཕན་ནུས་ཡོདཔ་སྦེ་ར་ སླབ་ནི་དེ་གིས་ཨིན།

རྒྱལ་ཁབ་ནང་ ནད་ཡམས་འདི་ སྔོན་འགོག་དང་ བཀག་ཐབས་འབད་དགོ་པ་ཅིན་ ཆ་མཉམ་གྱིས་ མཉམ་འབྲེལ་ཐོག་ལས་ སྨན་ཁབ་བཙུགས་དགོཔ་མ་ཚད་ བརྡ་དོན་ཚུ་ ཚུལ་མཐུན་སྤེལ་ཏེ་ གཞན་མི་ཚུ་ཡང་ སྨན་ཁབ་བཙུགས་བཅུག་ནི་ལུ་ རྒྱུད་བསྐུལ་འབད་དགོཔ་ཨིན།

འཕྲལ་ཁམས་ཅིག་ཁར་ སྨན་ཁབ་སླ་བསྲེས་དང་ མཐུན་འགྲིག་ཐོག་ལས་བཙུགས་པ་ཅིན་ ཉེན་ཁ་ཡོད་པའི་ གནས་ཚུལ་ཁྱབ་སྤེལ་འབད་མི་དེ་གིས་ མི་མང་ལུ་ དོགས་སྣང་ཆགས་དགོཔ་བྱུང་ཡོདཔ་ལས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཁོ་རའི་ གཞུང་འབྲེལ་གྱི་ མི་སྡེ་བརྡ་བརྒྱུད་ཐོག་ལས་ དུས་ཡུན་ཆུ་ཚོད་༢ ལྷགཔ་ཅིག་གི་རིང་ དོགས་སེལ་ལེགས་ཤོམ་འབད་ཡོདཔ་མ་ཚད་ མི་ཚུ་གིས་ མོ་ཌར་ན་སྨན་ཁབ་བཙུགས་པ་ཅིན་ ད་རེས་ ཁྱད་རྣམ་འགྱུར་འགྱོ་མི་ ནད་འབུབ་ཌེལ་ཊ་བེ་རན་ བཀག་ཐབས་འབད་ནི་ལུ་ ལྷག་པར་དུ་ ཕན་ནུས་ཡོད་པའི་ གསལ་བཤད་འབད་ཡི།

དེ་བསྒང་ མི་སྡེ་བརྡ་བརྒྱུད་ནང་ དངོས་སུ་སྦེ་ གྲལ་གཏོགས་འབད་མི་༢,༠༠༠ ལྷགཔ་ཅིག་ ཐོན་ཡོདཔ་མ་ཚད་ སྨན་ཁབ་དང་འབྲེལ་བའི་ གནད་དོན་ཚུ་གི་ཐོག་ལུ་ བསམ་འཆར་དང་ དྲི་བ་སྣ་ཚོགས་བཀོད་མི་ལུ་ བློན་ཆེན་གྱིས་ ཐད་ཀར་དུ་ ལན་གསལ་འབད་ཡི།

ད་རེས་ རྒྱལ་ཁབ་ལེ་ཤ་ཅིག་གིས་ ནད་ཡམས་ཀྱི་ སྒྲིག་གཞི་ཚུ་ དུམ་གྲ་རེ་ ལྷོད་ཡངས་འབད་མི་དེ་ཡང་ གཙོ་བོ་ར་ སྨན་ཁབ་ཐེངས་༢ པམ་དེ་ མོ་ཌར་ན་སྨན་ཁབ་བཙུགས་པའི་ ཕན་ནུས་ལུ་བརྟེན་ཨིནམ་ད་ མོ་ཌར་ན་སྨན་ཁབ་དེ་ འཛམ་གླིང་རྒྱལ་ཁབ་ཚུ་གིས་ མཁོ་སྒྲུབ་མངམ་འབད་དོ་ཡོདཔ་ལས་ འཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་འདུག།

གསོ་བའི་གནས་ཚད་ སྒྲིང་སྒྲི་ཡོད་པའི་ རྒྱལ་ཁབ་ལེ་ཤ་ཅིག་གིས་ར་ ད་ལྟོའི་ ནད་ཡམས་གནས་སྟངས་ནང་ སྨན་ཁབ་སླ་བསྲེས་དང་ མཐུན་འགྲིག་ཐོག་ལས་བཙུགས་ནི་ལུ་ ངོས་ལེན་འབད་དོ་ཡོདཔ་ད་ མ་གཞི་ འདི་བཟུམ་མའི་ ཚན་རིག་ཐབས་ལམ་བཏོན་མི་དེ་ གསརཔ་ཅིག་མེན་པས།

ད་རེས་ ཆར་ཆུའི་དུས་སྐབས་ལུ་ གནས་སྟངས་ཉེན་ཁ་ཆེ་སུ་ཡོད་རུང་ སྨན་ཁབ་ཚུ་ རྒྱལ་ཁབ་ཀྱི་ས་གནས་ མཐའ་དབུས་མེད་པར་ ལངམ་སྦེ་ལྷོད་ཚུགས་མི་དེ་ལུ་ ང་བཅས་ར་ ངལ་རངས་དགོཔ་འདུག།

བློན་ཆེན་གྱིས་ སྨན་ཁབ་ཐེངས་༢ པ་དེ་ འབྲུག་གི་མི་འབོར་བརྒྱ་ཆ་༨༠ ལྷགཔ་ཅིག་གིས་ ཚུལ་མཐུན་ངོས་ལེན་འབད་དེ་ བཙུགས་ཚུགས་པ་ཅིན་ ནད་ཡམས་འདི་ སྔོན་འགོག་དང་ བཀག་ཐབས་འབད་ནི་ལུ་ མཐར་འཁྱོལ་འབྱུང་ནི་ཨིནམ་མ་ཚད་ འཛམ་གླིང་ནང་ མིག་དཔེ་བཟང་པོ་ཅིག་ སྟོན་ཚུགས་ནི་མས་ཟེར་ ནན་སྐུལ་འབད་མི་དང་བསྟུན་ འབྲུག་མི་ག་ར་གིས་ ངེས་པར་དུ་ སྨན་ཁབ་བཙུགས་དགོཔ་འདུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *