སྤྱི་འོག་༣ ནང་ གདམ་ངོ་ཆ་མེད་སོང་ཡོདཔ་ལས་ གདམ་ངོའི་འཛོམས་འདུ་ ལོག་འགོ་འདྲེན་འཐབ་ནི།

༉ སྤུ་ན་ཁ་ལྕང་ཡུལ་-རླུང་བསིལ་སྒང་-བཀྲིས་ལྗོངས་སྤྱི་འོག་དང་ པདྨ་དགའ་ཚལ་ཤིང་སྐྱོང་རི་སྤྱི་འོག་ དེ་ལས་ རྩི་རང་རྫོང་ཁག་ སྤང་ཐང་སྤྱི་འོག་༣ ནང་ རྒཔོ་དང་ དམངས་མིའི་གདམ་ངོ་ ལོག་གདམ་འཐུ་འབད་ནིའི་དོན་ལུ་ གདམ་ངོའི་འཛོམས་འདུ་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་པས།

བདེ་ཆེན་གླིང་རྒེད་འོག་ ཤིང་སྐྱོང་རི་སྤྱི་འོག་ལས་ དམངས་མིའི་གདམ་ངོ་ གདམ་འཐུ་གྲུབ་ཡོད་རུང་ ཉོགས་མེད་ལག་ཁྱེར་གསལ་སྟོན་འབད་མ་ཚུགས་པར་ གདམ་ངོ་ལས་ ཆ་མེད་སོང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩི་རང་སྤང་ཐང་སྤྱི་འོག་ལས་ རྒཔོ་གི་གདམ་ངོའི་ རྩིས་ཞིབ་ཉོགས་མེད་ལག་ཁྱེར་དེ་ ཆ་མེད་བཏང་ཡོད་པའི་ཁར་ རླུང་བསིལ་སྒང་-བཀྲིས་ལྗོངས་སྤྱི་འོག་གི་ རྒཔོ་གི་གདམ་ངོ་དེ་ཡང་ སྲིད་དོན་ཚོགས་པ་ལས་ ཕྱིར་བཏོན་གྱི་ ཚེ་གྲངས་འཛོལ་བ་ཡོདཔ་ལས་ ཆ་མེད་ཡར་སོ་ནུག།

ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ད་རུང་ གདམ་ངོ་ཚུ་གི་ རྩིས་ཞིབ་ཉོགས་མེད་ལག་ཁྱེར་ཚུ་ ཆ་མེད་གཏང་ནིའི་ བྱ་རིམ་ནང་ཡོདཔ་ཨིན་པས།

གདམ་ངོ་ལས་ ཆ་མེད་སོང་མི་བརྩིས་ཏེ་ ལྕང་ཡུལ་རླུང་བསིལ་སྒང་-བཀྲིས་ལྗོངས་སྤྱི་འོག་ནང་ རྒཔོ་འབད་འདོད་ཡོད་མི་ གདམ་ངོ་༣ དང་ ཤིང་སྐྱོང་རི་སྤྱི་འོག་ནང་ དམངས་མིའི་གདམ་ངོ་༣ དེ་ལས་ སྤང་ཐང་སྤྱི་འོག་ནང་ རྒཔོ་གི་གདམ་ངོ་༢ ཐོན་ཡོདཔ་ཨིན་པས།

གདམ་ངོའི་འཛོམས་འདུ་དེ་ཡང་ སྐུལ་བསྒྲགས་ཀྱི་ དུས་ཚོད་ལུ་ ཐོ་མ་ཕོགཔ་སྦེ་ སྤྱི་ཟླ་༡༡ པའི་ཚེས་༢༥ དང་༢༦ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།

གདམ་ངོ་ཚུ་གི་ སྐུལ་བསྒྲགས་ལས་རིམ་དེ་ ད་རིས་ལས་ འགོ་བཙུགས་དོ་ཡོདཔ་ད་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་མགྲིན་ཚབ་ ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ གདམ་ངོའི་འཛོམས་འདུ་ཚུ་ཡང་ བཙག་འཐུའི་བྱ་རིམ་གཞན་ཚུ་ལུ་ ཐོ་མ་ཕོགཔ་སྦེ་ གང་མགྱོགས་འགོ་འདྲེན་འཐབ་འོང་ཟེར་ཨིན་པས།

འགྲེམ་ཐོག་ཚོགས་རྒྱན་ཚུ་ ནངས་པ་ལས་ བསྐྱལ་ནི་ཨིནམ་ད་ འདེམས་ངོ་ཚུའི་གདམ་ངོ་བརྟག་ཞིབ་འབད་བའི་ཤུལ་ལས་ ལྷན་ཚོགས་ཀྱིས་ སྤྱི་འོག་དེ་ཚུ་ནང་ དང་འདོད་ཅན་གྱི་ གདམ་ངོ་ལེ་ཤ་མཐོང་ཡོདཔ་ལས་ ནན་བསྐྱར་དུ་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་ནིའི་ འོས་འབབ་མཐོང་ཅི་ཟེར་ ཕུརཔ་རྡོ་རྗེ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་རྒྱན་བཙུགས་པར་ འོང་མི་ཚུ་ལུ་ སྟབས་མ་བདེཝ་དུམ་གྲ་རེ་ འབྱུང་སྲིད་ནི་ཨིན་རུང་ ཟད་འགྲོ་ཐེབས་མི་གནས་ཟེར་ཨིན་པས།

གདམ་ངོའི་འཛོམས་འདུ་དེ་ཡང་ རྒཔོ་དང་ དམངས་མིའི་དོན་ལུ་ དང་འདོད་ཅན་གྱི་ གདམ་ངོ་གཅིག་ལས་ལྷག་སྟེ་ཡོད་མི་ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ གདམ་ངོ་ཕུད་རྡོག་གཅིག་ལས་བརྒལ་མེད་མི་ སྤྱི་འོག་ནང་ཚུ་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་མི་འཐབ་ཟེར ཕུརཔ་རྡོ་རྗེ་གིས་ བཤདཔ་ཨིན་པས།

དེ་བཟུམ་སྦེ་ འདེམས་ངོ་ཚུ་གི་ གདམ་ངོའི་བརྟག་ཞིབ་འབད་བའི་སྐབས་ ཆ་མེད་སོང་མི་ ཚོགས་པའི་དོན་ལུ་ འཛོམས་འདུ་འགོ་འདྲེན་མི་འཐབ་ནི་ཨིན་པས།

དབང་འདུས་ཕོ་བྲང་ ཨ་ཐང་རྒེད་འོག་ རུ་ཁ་སྤྱི་འོག་ནང་ རྒཔོ་གི་གདམ་ངོ་དང་ ཚོགས་པའི་གདམ་ངོ་རེ་ཡོད་མི་དེ་ ཆ་མེད་སོང་ཡོད་རུང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་མི་འཐབ་ནི་ཨིན་པས།

ད་རུང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ དྭངས་ཆུ་རྒེད་འོག་གི་ རྒཔོ་གི་གདམ་ངོའི་ རྩིས་ཞིབ་ཉོགས་མེད་ལག་ཁྱེར་ ཆ་མེད་བཏང་ཡོདཔ་ལས་ རྒེད་འོག་དེ་ནང་ཡང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་མི་འཐབ་ནི་ཨིན་པས།

སྤུ་ན་ཁའི་གནད་དོན།

སྤྱི་ཟླ་༡༡ པའི་ཚེས་༡༠ ལུ་ སྤུ་ན་ཁ་ ལྕང་ཡུལ་-རླུང་བསིལ་སྒང་-བཀྲིས་ལྗོངས་སྤྱི་འོག་ནང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ རྒཔོ་འབད་འདོད་ཡོད་མི་ གདམ་ངོ་༣ གྱིས་ བཅའ་མར་གཏོགས་ནུག།

ཁོང་༣ གྱི་གྲས་ལས་ བཀྲིས་ཀྱིས་ ཚོགས་རྒྱན་༡༤༩ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ད་ མི་༣༠༠ དེ་ཅིག་གིས་ འཛོམས་འདུ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་རུང་ བཀྲིས་ཁོ་ར་ སྲིད་དོན་ཚོགས་པའི་ ཐོ་བཀོད་ལས་ ཕྱིར་བཏོན་འབད་དེ་ ལོ་༡ མ་ལང་མི་ལུ་བརྟེན་ ས་གནས་གཞུང་གི་ བཙག་འཐུ་ནང་ འདེམས་ངོའི་ཡིག་ཆ་མ་བཙུགས་པར་ སྡོད་ཡོདཔ་ཨིན་པས།

བཀྲིས་དེ་ཡང་ གདམ་ངོ་འཛོམས་འདུ་ནང་ བཙག་འཐུ་འགོ་དཔོན་ཚུ་ལས་བྱིན་མི་ སྲིད་དོན་ཕྱིར་བཏོན་ཡིག་ཆ་དེ་ ངོས་ལེན་འབད་བའི་ཤུལ་ལས་ བཅའ་མར་གཏོགས་ཡོདཔ་ད་ ཡིག་ཆ་ནང་ བཀྲིས་འདི་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༡༢ ལས་ སྲིད་དོན་ཚོགས་པ་ལས་ ཕྱིར་བཏོན་འབད་ཡོདཔ་སྦེ་ གསལ་བཀོད་འབད་ནུག།

བཀྲིས་ཀྱིས་ སླབ་མིའི་ནང་ གདམ་ངོའི་འཛོམས་འདུ་ལས་ གདམ་འཐུ་གྲུབ་པའི་ཤུལ་ འདེམས་ངོའི་ཡིག་ཆ་བཙུགས་ནིའི་དོན་ལུ་ ཡོངས་འབྲེལ་ལམ་ལུགས་ནང་ ཁོ་ར་ སྲིད་དོན་ཚོགས་པ་ལས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༡ ལུ་ འབད་ཡོདཔ་སྦེ་ གསལ་སྟོན་འབད་དེས་ཟེར་ཨིན་པས།

ས་གནས་གཞུང་གི་ བཙག་འཐུ་ནང་ བཅའ་མར་གཏོགས་དགོ་པ་ཅིན་ སྲིད་དོན་ཚོགས་པའི་ འཐུས་མི་མེད་མི་ཅིག་ དགོ་ནི་ཨིནམ་ད་ ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ གདམ་ངོའི་བཙག་འཐུ་ནང་ སྲིད་དོན་ཚོགས་པ་ལས་ ཕྱིར་བཏོན་འབད་དེ་ ལོ་༡ ལང་དགོ་ཟེར་ཨིན་པས།

འདེམས་ངོའི་ཡིག་ཆ་བཙུགས་ནིའི་ མཐའ་མཇུག་ཚེས་གྲངས་འདི་ སྤྱི་ཟླ་༡༡ པའི་ཚེས་༢༢ ཨིན་པས།

ལྷན་ཚོགས་ཀྱི་མགྲིན་ཚབ་ཀྱིས་ སླབ་མིའི་ནང་ ལྷན་ཚོགས་ལས་ འགོ་དཔོན་ཅིག་གིས་ བཀྲིས་ལུ་ ཁོ་རའི་ ཡིག་ཆ་ཚུ་ མེག་བུག་པོ་རོ་ལས་ ཕབ་ལེན་འབད་དེ་ བྱིན་ནུག་ཟེར་ཨིནམ་ད་ དེ་ནང་ འབྲུག་ལུ་ ཨ་རྟག་ལག་ལེན་འཐབ་མིའི་ཚེས་གྲངས་ ཉིནམ་-ཟླཝ་-སྤྱི་ལོ་གི་ ལམ་ལུགས་ཐོག་ལས་མེན་པར་ ཟླཝ་-ཉིནམ་-སྤྱི་ལོ་སྦེ་ བཏོན་བྱིན་ནུག་ཟེར་ཨིན་པས།

བཀྲིས་ཀྱིས་ སླབ་མིའི་ནང་ སྤྱི་འོག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ལེ་ཤ་ཡོད་ཟེར་ཨིནམ་ད་ ཚེ་གྲངས་མ་འདྲཝ་ཡོད་མི་དེ་ ཁོ་རའི་ འཛོལ་བ་མེན་པའི་ཁར་ ཧེ་མའི་ ཡིག་ཆ་ཚུ་ཡང་ ལཱ་ཁག་སྦེ་ ཐིམ་ཕུག་ལུ་སོང་སྟེ་ ལྷན་ཚོགས་ལས་ འབག་འོང་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འདེམས་ངོའི་གདམ་ངོ་ལས་ ཆ་མེད་སོང་པའི་ཤུལ་ལས་ གདམ་ངོ་ལས་ ཕྱིར་བཏོན་འབད་ཡོད་རུང་ མི་ཚུ་གིས་ ཁོ་ལུ་ སྟབས་མ་བདེཝ་ཡོད་མི་ལུ་བརྟེན་ དགོངས་ཞུ་འབད་བའི་ ཚོར་སྣང་བསྐྱེདཔ་མས་ཟེར་ཨིན་པས།

ད་རིས་ ས་གནས་གཞུང་གི་ བཙག་འཐུ་ཐེངས་༣ པ་ཨིནམ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དེ་བཟུམ་མའི་ འཛོལ་བ་འབད་ནི་ མི་འོང་ཟེར་ བཤདཔ་ཨིན་པས།

གནད་དོན་གཞན་གཅིགཔོ་དེ་ དམངས་མིའི་གདམ་ངོ་ སངས་རྒྱས་བསྟན་འཛིན་གྱིས་ ཁོ་ར་ སྲིད་དོན་ཚོགས་པའི་ནང་ ཐོ་བཀོད་ཡོདཔ་སྦེ་ མངོན་གསལ་བྱུང་ནི་དེ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་མེདཔ་ཨིན་པས། 

ཁོ་གིས་ སླབ་མིའི་ནང་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ ཁོ་ར་ སྲིད་དོན་ཚོགས་པའི་ ཐོ་བཀོད་ལས་ ཕྱིར་བཏོན་ཡོད་པའི་སྐོར་ སྙན་ཞུ་འབད་བའི་ཤུལ་ལས་ གདམ་ངོའི་འཛོམས་འདུ་ནང་ བཅའ་མར་གཏོགས་པར་ སོང་ཡི་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ གལ་སྲིད་ སྲིད་དོན་ཚོགས་པ་ཅིག་ལས་ ཐོ་བཀོད་ཕྱིར་བཏོན་འབད་བ་ཅིན་ ཚོགས་པ་གཞན་ཚུ་ལས་ ཕྱིར་བཏོན་འབད་དགོཔ་ཨིན་རུང་ ཡིག་ཆ་ཚུ་ བཙུགས་པའི་སྐབས་ ཁོ་ར་ སྲིད་དོན་ཚོགས་པའི་ ཐོ་བཀོད་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ སངས་རྒྱས་བསྟན་འཛིན་གྱིས་ བཤདཔ་ཨིན་པས།

མགྲིན་ཚབ་ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ སྲིད་ཚོགས་ག་རའི་ འཐུས་མི་ཚུ་གི་ ཁ་གསལ་གནས་སྡུད་ཚུ་ ཤོག་ལེབ་ཅིག་ནང་ གསལ་སྟོན་འབད་དགོཔ་ད་ ཧེ་མ་འབད་བ་ཅིན་ འཐུས་མི་ཚུ་གི་ ཁ་གསལ་ཚུ་ ལག་ཐོག་ལས་ འབད་ཡོད་རུང་ ད་རེས་ ལམ་ལུགས་ཅིག་ བཟོ་ཡོདཔ་ལས་ དཀའ་ངལ་མི་འཐོན་ཟེར་ཨིན་པས།

རྩི་རང་།

རྩི་རང་ སྤ་ཚར་གླིང་རྒཔོ་གི་ གདམ་ངོ་དེ་ དབང་ཚད་ལོག་སྤྱོད་འབད་ཡོད་པའི་ གནད་དོན་ལུ་བརྟེན་ རྩིས་ཞིབ་དབང་འཛིན་གྱིས་ གདམ་ངོའི་རྩིས་ཞིབ་ཉོགས་མེད་ལག་ཁྱེར་དེ་ ཆ་མེད་བཏང་ནུག།

དབང་འཛིན་གྱི་ ཡི་གུ་དང་འཁྲིལཝ་ད་ སྤ་ཚར་གླིང་རྒཔོ་བགྲེསཔ་གིས་ ཁོ་ར་ རྒཔོ་སྦེ་སྡོད་པའི་སྐབས་ དབང་ཚད་ལོག་སྤྱོད་འབད་ཡོདཔ་ལས་ དབང་འཛིན་གྱིས་ རྩོད་དོན་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ གཏང་ནི་སྦེ་ ཐག་བཅད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *