སྤྱི་ཟླ་༧ པའི་ཚེས་༡ ལས་ དངུལ་ཐོག་ཨ་ལཱན་ཅི་ཕྱིར་བཙོང་བཀག་ཡོདཔ།

༉ རྒྱ་གར་ལུ་ ཇི་ཨེསི་ཊི་ཟེར་མི་ ཅ་དངོས་དང་ ཞབས་ཏོག་གི་ཁྲལ་ ལག་ལེན་འཐབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ འབྲུག་ལས་ དངུལ་ཐོག་ཨ་ལཱན་ཅི་ ཕྱིར་བཙོང་འབད་ནི་དེ་ སྤྱི་ཟླ་༧ པའི་ཚེས་༡ ལས་ བཀག་ཆ་འབད་དེ་ བཞག་ཡོདཔ་ཨིན་པས།
ས་མཚམས་ཀྱི་ ཕྱི་ཁར་ཡོད་མི་ ཅ་དམ་ཡིག་ཚང་གིས་ ཕྱིར་ཚོང་འཐབ་མི་ཚུ་ལུ་ རྒྱ་གར་ཀཱོལ་ཀ་ཊ་ལས་ དོ་ཆས་རེ་རེ་བཞིན་དུ་ལུ་ ངོ་སྦྱོར་ཡི་གུ་ལེན་དགོཔ་སྦེ་ སླབ་སྟེ་ཡོདཔ་ད་ འབྲུག་སོ་ནམ་དང་ བཟའ་ཆས་ཁྲིམས་དོན་དབང་འཛིན་ལས་ ངོ་སྦྱོར་ལེན་མི་ལུ་ ངོས་ལེན་མི་འབད་བས་ཟེར་ ཕྱིར་ཚོང་འཐབ་མི་ཚུ་གིས་ བཤདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ཡོད་པའི་ ཕྱིར་ཚོང་འཐབ་མི་ཚུ་གིས་འབད་བ་ཅིན་ ངོ་སྦྱོར་དགོ་མི་དེ་ ཇི་ཨེསི་ཊི་ལམ་ལུགས་ལུ་བརྟེན་ འོང་ནི་ཨིན་རུང་ ད་ལྟོ་ བརྡ་སྟོན་ཁ་གསལ་ ག་ནི་ཡང་མིན་འདུག་ཟེར་ཨིན་པས།
ཨ་ལཱན་ཅི་ཕྱིར་ཚོང་འཐབ་མི་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ ཁོང་གིས་ སོ་ནམ་པ་ཚུ་ལས་ ཨ་ལཱན་ཅི་ཉོ་ནི་དེ་ མཚམས་འཇོག་འབད་དེ་ཡོད་ཟེར་ཨིནམ་ད་ གལ་སྲིད་ ཁོང་གིས་ ཉོ་བ་ཅིན་ ཁོང་ལུ་ གྱོང་རྒུད་ཕོག་ནི་མས་ཟེར་ བཤདཔ་ཨིན་པས།
ཨ་ལཱན་ཅི་ ཉོ་མི་མེད་པའི་བསྒང་ལས་ མཐའན་མཇུག་ལུ་ རྒུད་ཤོས་ར་ སོ་ནམ་ཞིང་པ་ཚུ་ཨིན་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ཡོད་མི་ འབྲུག་ཕྱིར་བཙོང་ལས་སྡེའི་ཇོ་བདག་ ཤིབ་བཱ་ལཱལ་ སུ་བེ་དི་གིས་ སླབ་མིའི་ནང་ ཁོང་གིས་ ཨ་ལཱན་ཅི་ཚུ་ རྒྱ་གར་ལུ་བཙོང་ནི་བཞག་སྟེ་ ད་རེས་ནངས་པར་ བང་ལ་དེཤ་ལུ་ བཙོང་ནི་ལུ་ ཤུགས་བཏོན་དོ་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཨ་ལཱན་ཅི་ཚུ་ རྒྱ་གར་ལུ་ ཕྱིར་ཚོང་འཐབ་ནི་ལུ་ དཀའ་ངལ་མེདཔ་ཨིན་པས།
ཕུན་ཚོགས་གླིང་ལུང་ཕྱོགས་ཚོང་འབྲེལ་མདོ་ཆེན་ དཔལམོ་བུ་དར་གྱིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ཁོང་གིས་ ལོ་རྒྱུས་ག་ནི་ཡང་ མ་གོཝ་ལས་ འབྲུག་སོ་ནམ་དང་ བཟའ་ཆས་ཁྲིམས་དོན་དབང་འཛིན་གྱིས་ ཤེས་དགོཔ་ཨིན་ཟེར་ཨིན་པས།
དབང་འཛིན་གྱི་ འགན་འཛིན་པ་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་མིའི་ནང་ ཁོང་གིས་ཡང་ གནད་དོན་དེ་གི་སྐོར་ལས་ སྙན་ཞུ་ག་ནི་ཡང་ མ་ཐོབ་ཟེར་ཨིནམ་ད་ ཁོང་གིས་ དགོ་འདོད་བཀོད་པ་ཅིན་ ང་བཅས་ཡང་ གྲ་སྒྲིག་འབད་དགོ་ཟེར་ བཤདཔ་ཨིན་པས།
ཕུན་ཚོགས་དབང་འདུས་ཀྱིས་འབད་བ་ཅིན་ ཤིང་འབྲས་དང་ ཡང་ཅིན་ དངུལ་ཐོག་ཚུ་ ཕྱི་ཁར་བཙོངམ་ད་ རྩི་ཤིང་དང་འབྲེལ་བའི་ ངོ་སྦྱོར་ཡི་གུ་དགོཔ་བཞིན་དུ་ ད་རེས་ རྒྱ་གར་གྱི་ ཅ་དམ་ཡིག་ཚང་གིས་ མཁོ་འདོད་བཀོད་མི་དེ་ ངོ་སྦྱོར་འདི་བཟུམ་ཅིག་ལུ་ སླབ་དོ་འོང་ནི་མས་ཟེར་ཨིནམ་ད་ ངོ་སྦྱོར་ཡི་གུ་དེ་ནང་ དངུལ་ཐོག་གི་ སྤུས་ཚད་དང་ ནད་འབུབ་དང་ བཙོག་རྫས་ག་ནི་ཡང་མེད་པར་ བཀོད་དགོཔ་ཨིན་པས།
འདི་བཟུམ་མའི་ ངོ་སྦྱོར་ཡི་གུ་ཚུ་ འབྲུག་གིས་ ནང་འདྲེན་འབད་མི་ ཅ་ཆས་ཚུ་ལུ་ཡང་ དགོཔ་ཨིན་ཟེར་ ཕུན་ཚོགས་དབང་འདུས་ཀྱིས་ བཤདཔ་ཨིན་པས།
དེ་ལས་ ཕྱིར་ཚོང་འཐབ་མི་ཚུ་གིས་ འབྲུག་ཕྱིར་ཚོང་མཐུན་ཚོགས་དང་ འབྲུག་བཟའ་སྤྱོད་ལས་འཛིན་དང་གཅིག་ཁར་ ཞལ་འཛོམས་ཅིག་ འཚོགས་ཐོག་ལས་ ཁ་ཙ་ གཞུང་ལུ་ སྙན་ཞུ་ཕུལ་ཡོདཔ་ཨིན་པས།
ད་རེས་ནངས་པར་ ཨ་ལཱན་ཅི་གསརཔ་ཚུ་ཡང་ ཁྲོམ་ཁ་ལུ་ ཚོང་འབྲེལ་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཨ་ལཱན་ཅི་ལུ་ ཇི་ཨེསི་ཊི་བརྒྱ་ཆ་༥ བཀལ་བཞིན་དུ་ ཕྱིར་ཚོང་འཐབ་མི་ཚུ་གིས་འབད་བ་ཅིན་ ཇི་ཨེསི་ཊི་ལུ་བརྟེན་ ཚུལ་མིན་ཐོག་ལས་ ཨ་ལཱན་ཅི་ཉོ་བཙོང་འཐབ་ནི་ཚུ་ མཚམས་འཇོག་འབད་ནི་ཨིནམ་ལས་ འབྲུག་གི་ཨ་ལཱན་ཅིའི་ཚོང་འབྲེལ་ ལེགས་ཤོམ་འགྱོ་འོང་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *