༉ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་གིས་ ལོ་བསྟར་བཞིན་དུ་ ཚོགས་ཐེངས་༢ རེ་ འགོ་འདྲེན་འཐབ་དགོ་པའི་ དགོས་དོན་འགྲུབ་ནིའི་དོན་ལུ་ ཚོགས་ཐེངས་༡༡ པ་དེ་ འགོ་འདྲེན་འཐབ་ནི་སྦེ་ གཏན་འཁེལ་སོང་ཡོདཔ་ཨིན་པས།
དྲུང་ཆེན་ཡིག་ཚང་གིས་ སྤྱི་ཟླ་༤ པའི་ཚེས་༢༤ ལུ་ གསལ་བསྒྲགས་འབད་མིའི་ནང་ ཚོགས་ཐེངས་༡༡ པ་དེ་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ འགོ་བཙུགས་ནི་ཨིནམ་ལས་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཚུ་དང་ ལྷན་ཁག་དང་ལས་ཁུངས་ ལས་སྡེ་ རྫོང་ཁག་ཚུ་ལས་ སྙན་ཞུ་དང་གྲོས་གཞི་ཚུ་ ཕུལ་ནི་ཡོད་པ་ཅིན་ སྤྱི་ཚོགས་ནང་ གསུང་གྲོས་གནང་ནིའི་དོན་ལུ་ སྤྱི་ཟླ་༥ པའི་ཚེས་༢༥ གི་ནང་འཁོད་ལུ་ བཙུགས་དགོ་ཟེར་ཨིན་པས།
ཨིན་རུང་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་གྲུབ་པ་གིས་ བཤད་མིའི་ནང་ ཚོགས་ཐེངས་དེ་ ཧེ་མ་དང་ཕྱདཔ་ད་ ཐུང་སུ་སྦེ་ཡོད་ཟེར་ཨིན་པས།
དེ་ཡང་ གཞུང་གིས་ གྲོས་བསྡུར་འབད་ནིའི་དོན་ལུ་ བཅའ་ཡིག་མངམ་ མི་འོང་ནི་དང་ ས་གནས་གཞུང་ལས་ཡང་ གནད་དོན་ལེ་ཤ་ མེད་པའི་རེ་བ་ཡོད་ཟེར་ སངས་རྒྱས་གྲུབ་པ་གིས་ བཤདཔ་ཨིན་པས།
ཨིན་རུང་ ཡོངས་ཁྱབ་དྲུང་ཆེན་གྱིས་ ཚོགས་ཐེངས་དེ་ནང་ དངུལ་འབྲེལ་གནད་དོན་ཚུ་གི་སྐོར་ལས་ གཏན་འཁེལ་སྦེ་ གསལ་བཤད་མ་འབདཝ་ཨིན་པས།
མ་གཞི་ ཚོགས་དཔོན་འཇིགས་མེད་བཟང་པོ་དང་ འཕྱད་མ་ཚུགས་ཏེ་འབད་རུང་ གསལ་བསྒྲགས་དེ་གིས་ གཏན་འཁེལ་བཟོ་མི་དང་འཁྲིལཝ་ད་ སྤྱི་ཚོགས་དེ་ གནས་ཡུན་མཇུག་མ་བསྡུ་བའི་ཧེ་མར་ མི་ཧྲམ་ནི་ཨིན་པས།
འདས་པའི་དྲི་ལན་ནང་ རྒྱལ་ཡོངས་ཚོགས་འདུའི་ ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ རི་ཏུ་རཱཇ་ཆེ་ཏི་རི་གིས་ ཚོགས་ཐེངས་༡༡ པའི་ནང་ རྩིས་ཞིབ་བཅའ་ཡིག་༢༠༡༧ ཅན་མའི་གུ་ གྲོས་བསྡུར་འབད་ནི་བཟུམ་ཅིག་ ཡོད་ཟེར་བཤད་ཅི།
ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ སླབ་མིའི་ནང་ ཚོགས་ཐེངས་སྐབས་ བློན་ཆེན་གྱིས་ རྒྱལ་ཁམས་གནས་སྟངས་ཀྱི་ ལོ་བསྟར་སྙན་ཞུ་དང་ རྩིས་ཞིབ་བཅའ་ཡིག་གུ་ གྲོས་བསྡུར་འབད་ནིའི་ རེ་བ་ཡོད་ཟེར་ཨིན་པས།
ད་ལྟོའི་ གཞུང་གི་གནས་ཡུན་དེ་ སྤྱི་ཟླ་༧ པ་ལས་ མཇུག་བསྡུ་ནིའི་ རེ་བ་ཡོདཔ་ད་ གཞུང་གསརཔ་དེ་ དུས་ཅི་ སྤྱི་ཟླ་༡༡ པ་དང་༡༢ པའི་བར་ན་ གཞི་བཙུགས་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༢ པའི་དོན་ཚན་༥ པ་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་འདུ་དེ་ ལོ་༡ ནང་ ཚོགས་ཐེངས་༢ འཚོགས་དགོཔ་སྦེ་ ཡོདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།