སྤྱི་ཞི་དགོན་པ།

སྤྱི་ཞི་དགོན་པ་ལུ་ དར་དཀར་ནང་ལས་ གདན་འདྲེན་ཞུ་བའི་སྐབས་ ཇོ་བོ་གིས་གསུང་བྱོན་ཡོདཔ།

༉ འབྲུག་རྒྱལ་ཁབ་ནང་ ས་སྐྱ་པའི་གདན་ས་རེ་གཉིས་མ་གཏོགས་ མེད་མི་ལས་༡ ཐིམ་ཕུག་རྫོང་ཁག་ དགེ་བསྙེན་ཁའི་ སྤྱི་ཞི་དགོན་པ་དེ་ཨིན་པས།
དགོན་པ་དེ་ ས་སྐྱ་པའི་བླམ་ རྒྱལ་བ་བློ་གྲོས་རབ་དབྱངས་ཀྱིས་ གདན་ས་བཅགས་གནང་ཡོདཔ་སྦེ་ བཤད་སྲོལ་ཡོད་རུང་ ལྷ་ཁང་གི་ རྒྱབ་ཁུངས་དང་ དུས་རབས་ག་དེམ་ཅིག་ནང་ བཞེངས་ཡོདཔ་ཨིན་ན་ ཤེས་མི་མིན་འདུག།
ཨིན་རུང་ སྤྱི་ཞི་དགེ་འཛིན་བཤད་གྲྭའི་སློབ་དཔོན་ རྣམ་རྒྱལ་འཕྲིན་ལས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ས་སྐྱའི་བླམ་ རྒྱལ་བ་བློ་གྲོས་རབ་དབྱངས་ཀྱིས་ ཁོ་རའི་ གཟིམ་ཅུང་སྦེ་ བཞེངས་པའི་ཤུལ་ལས་ ལྷ་ཁང་དེ་ རྒྱ་བསྐྱེད་འབད་དེ་ མི་ལོ་༤༣༠ སོང་ཡོད་མི་ལུ་ལྟཝ་ད་ དུས་རབས་༡༦ པ་དེ་ཅིག་ནང་ བཞེངས་བཞེངསམ་ འོང་ནི་བཟུམ་འདུག་ཟེར་ཨིན་པས།
བླམ་རྒྱལ་བ་བློ་གྲོས་རབ་དབྱངས་དེ་ ཞིང་ལུ་ཕེབས་པའི་ཤུལ་ལས་ ས་སྐྱ་པའི་བླམ་ བསོད་ནམས་བཟང་པོ་གིས་ ད་ལྟོ་ཡོད་པའི་ ཐོག་ཚད་༢ འབད་མི་ ལྷ་ཁང་དེ་ འོག་ཐོག་ལུ་ མགོན་ཁང་དང་ ཐོག་༢ པའི་ནང་ དུས་གསུམ་སངས་རྒྱས་ཀྱི་ ལྷ་ཁང་སྦེ་ བཞེངས་ནུག་ཟེར་ཨིན་པས།
དུས་གསུམ་སངས་རྒྱས་ཀྱི་ ལྷ་ཁང་ནང་ ནང་རྟེན་གཙོ་བོ་ དུང་ཤེལ་གཏེར་བྱོན་མ་༡ དང་ ཇོ་བོ་གསུང་བྱོན་མ་༡ ཡོད་མི་དེ་ཡང་ ཧེ་མར་ དར་དཀར་ནང་གི་ ཚེས་བཅུའི་དོན་ལུ་ ལོ་༣ ནང་ཚར་རེ་ སྤྱི་ཞི་དགོན་པ་ལས་ བླ་སློབ་ཚུ་ བྱོན་སྲོལ་ཡོདཔ་ལས་ དེ་བསྒང་ སྤྱི་ཞི་བླམ་གིས་ འབུམ་གསེར་བྲིས་མ་དང་གཅིག་ཁར་ སོར་ཞིནམ་ལས་ དར་དཀར་ནང་ལས་ གཏེར་དེ་ཚུ་ བསྣམས་བྱོན་ནུག་ཟེར་ཨིན་པས།
མི་རྒན་ཤོས་ཚུ་གི་ ངག་རྒྱུན་ལོ་རྒྱུས་དང་འཁྲིལཝ་ད་ དུང་ཤེལ་ ཆ་༡ དེ་ སྤྱི་ཞི་དགོན་པ་ལུ་ གདན་འདྲེན་ཞུ་བའི་སྐབས་ གནམ་ལང་སོཔ་ལས་ ཡ་༡ ལས་བརྒལ་ གདན་འདྲེན་ཞུ་མ་ཚུགས་པས་ཟེར་ཨིནམ་ད་ གཞན་མི་ཡ་༡ པོ་དེ་ ད་ལྟོ་ར་ རྡོའི་གུ་ བྱོན་སག་ས་སྦེ་ མཇལ་ནི་ཡོདཔ་སྦེ་ བཤད་སྲོལ་འདུག།
དེ་བཟུམ་སྦེ་ ཇོ་བོ་གསུང་བྱོན་མ་དེ་ གཞུང་གི་འགོ་དཔོན་ཚུ་གིས་ དར་དཀར་ནང་ལས་ བསྣམས་བྱོནམ་ད་ སྤྱི་ཞི་དགོན་པའི་འོག་གི་ ཐང་ཅིག་ནང་ ལྷོད་པའི་སྐབས་ སྤྱི་ཞི་བླམ་གིས་ འགོ་དཔོན་ཚུ་ལུ་ ཕེབས་ཇ་དྲངམ་ད་ ཇོ་བོ་གི་སྐུ་འདྲ་དེ་ ཐང་ནང་བཞག་ཡོདཔ་བཞིན་དུ་ གསོལ་ཇ་བཞེས་ཚར་བའི་ཤུལ་ལས་ ཇོ་བོ་དེ་འཐུཝ་ད་ འཐུ་མ་ཚུགསཔ་ཨིན་པས།
དེ་ལས་ འགོ་དཔོན་དང་ མི་ཚུ་གིས་ ག་དེམ་ཅིག་ར་ འཐུ་ནི་གི་ དཔའ་བཅམ་རུང་ འཐུ་མ་ཚུགས་པའི་བར་ན་ ཇོ་བོ་གིས་ ངེའི་ལུང་བསྟན་ནཱ་ཨིན། ང་ནཱ་བཞག་ད་ཟེར་ གསུང་བྱོནམ་ཅིག་ ཞལ་ཡང་སྤྱི་ཞི་དགོན་པའི་ ལྷ་ཁང་གི་ཁ་ཐུག་ སྒོར་ཡར་སོཔ་ལས་ ལྷ་ཁང་དེ་ནང་ གདན་འདྲེན་ཞུ་བའི་ ལོ་རྒྱུས་འདུག།
སློབ་དཔོན་རྣམ་རྒྱལ་འཕྲིན་ལས་ཀྱིས་ ད་རེས་ དགེ་འཛིན་བཤད་གྲྭའི་ འཐུང་ཆུ་གི་མིང་ ཇོ་བོ་ཆུ་ཟེར་ སླབ་མི་དེ་ཡང་ ཇོ་བོ་ལྷ་ཁང་ནང་ གདན་འདྲེན་ཞུ་མི་དང་ དུས་མཉམ་ལུ་ ཐོན་ནི་དེ་གིས་ཨིནམ་སྦེ་ བཤད་པའི་ཁར་ ཆུ་དེ་ ས་གནས་ཀྱི་ གནས་བདག་དང་ གཞི་བདག་ཚུ་གིས་ ཕུལ་ནི་ག་ནི་ཡང་མེདཔ་ལས་ ཡོན་ཆབ་མ་ཆད་པར་ ཕུལ་ནིའི་དོན་ལུ་ ཕུལ་ཡོད་པའི་ ལོ་རྒྱུས་ཡང་ བཤད་ནི་འདུག་ཟེར་ སླབ་ཨིན་པས།
སྤྱི་ཞི་དགོན་པའི་ ལྷ་ཁང་དེ་ རྗེ་བཙུན་སྒྲོལ་མ་གི་ བྷ་གའི་ཐོག་ཁར་ བཞེངས་ཡོདཔ་མ་ཚད་ དགོན་པའི་ས་ཁོངས་དེ་ཡང་ རྗེ་བཙུན་སྒྲོལ་མའི་གནས་དང་ དགོན་པའི་ལྟག་ལུ་ཡོད་མི་ གངས་རི་དེ་ སྒྲོལ་མའི་སྐུ་གཟུགས་ཨིནམ་སྦེ་ བཤད་སྲོལ་འདུག།
དགོན་པ་དེ་ ལོ་ངོ་༡༧ ལྷགཔ་ཅིག་གི་ཧེ་མར་ གཞུང་གྲྭ་ཚང་ལུ་ མ་ཕུལ་བའི་ཧེ་མར་ ས་གནས་ཀྱི་ མི་སེར་ཚུ་གིས་ བདག་འཛིན་འཐབ་ཡོདཔ་ད་ སྤྱི་ལོ་༢༠༠༠ ལུ་ དགེ་འདུན་སློབ་གྲྭ་ གཞི་བཙུགས་འབད་བའི་ཤུལ་ལས་ སྤྱི་ལོ་༢༠༡༡ ལུ་ དགེ་འཛིན་བཤད་གྲྭ་ལུ་ རྒྱ་བསྐྱེད་འབད་ནུག།
རྣམ་རྒྱལ་འཕྲིན་ལས་ཀྱིས་འབད་བ་ཅིན་ ལྷ་ཁང་ནང་ ས་སྐྱ་པའི་ བླམ་ཚུ་དང་ གནསཔ་ཞི་བདག་ གུ་རུ་མཚན་བརྒྱད་མ་དང་ བསམ་པ་ལྷུན་འགྲུབ་ལ་སོགས་པའི་ ལྡེབས་རིས་ཚུ་ ཡོདཔ་བཞིན་དུ་ ལྷ་ཁང་རྙིངམ་གི་ ཉེ་འདབས་ལུ་ འགུཔ་བསོད་ནམས་འབྲུག་པ་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ལོ་བསྟར་མ་ཎི་དུང་སྒྲུབ་བསག་ནིའི་དོན་ལུ་ སྤྱན་རས་གཟིགས་ལྷ་ཁང་ཅིག་ གསར་བཞེངས་འབད་ནུག།
ད་རེས་ སྤྱི་ཞི་དགེ་འཛིན་བཤད་གྲྭ་དེ་ནང་ དབུ་འཛིན་གོང་འོག་༢ དང་ སློ་དཔོན་༥ དེ་ལས་ དགེ་སློང་ཞལ་གྲངས་༥༣ དེ་ཅིག་འདུག་ཟེར་ ཞུ་ནི་ཨིན།

སྐལ་བཟང་དབང་ཕྱུག།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *