སྤྱི་ཚོགས་ལྷན་བཞུགས་ཀྱིས་ མ་འོངས་པའི་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ གྲོས་འདེབས་༤ ཆ་འཇོག།

༉ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ སྤྱི་ཚོགས་ལྷན་བཞུགས་ཀྱིས་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དང་པའི་དོན་ལས་ ལས་འབྲེལ་རྩིས་ཞིབ་འབད་མི་ལུ་ དམངས་རྩིས་ཚོགས་ཆུང་གིས་ གྲོས་འདེབས་ཁག་༤ འབད་ཡོདཔ་བཞིན་དུ་ འཐུས་མི་ག་ར་གིས་ ངོས་ལེན་འབད་ཡི།

གྲོས་འདེབས་ཚུ་ཡང་ ཚོགས་ཆུང་གིས་ ལས་འགུལ་ནང་ མཁོ་ཆས་སྐྱོ་དྲགས་སྦེ་ ལག་ལེན་འཐབ་མི་དང་ ཁག་འབགཔ་ཚུ་ལུ་ འཚོ་རྟེན་མ་དངུལ་གྱི་ཆ་ཤས་ ཐེབས་སྤྲོད་ཡོད་མི་ཚུ་ སླར་ལོག་ལེན་དགོཔ་སྦེ་ བཀོད་ཡོད་མི་དེ་ལུ་ སྤྱི་ཚོགས་ལྷན་བཞུགས་ཀྱིས་ གྲོས་ཐག་བཅད་གནང་ཡི།
པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ལས་འགུལ་དེ་ནང་ ལཱ་འབད་མི་ཚུ་གི་དོན་ལུ་ འཚོ་རྟེན་མ་དངུལ་ དངུལ་ཀྲམ་ཐེར་འབུམ་ལས་བཅད་དེ་ ཐེབས་བྱིན་ཡོདཔ་ལས་ ངེས་ཏིག་ག་དེམ་ཅིག་ སྤྲོད་ཡོདཔ་ཨིན་ན་ ཁ་གསལ་སླབ་དགོཔ་འདུག་ཟེར་ཞུ་ཡི།
དབང་འདུས་ཀྱི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བཀྲིས་རྡོ་རྗེ་གིས་ མ་དངུལ་དེ་ཚུ་ ལས་འགུལ་ནང་ལཱ་འབད་མི་ཚུ་ རིན་སྤྲོད་ཐོག་ལས་ ལོག་སྤྲོད་ནུག་ཟེར་ཞུ་ཡོདཔ་ད་ བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ པཱན་སྦང་གིས་ཞུ་མི་རྩིས་དེ་ མི་བདེན་ཟེར་ཞུ་ཡི།
ཀྲོང་གསར་གྱི་འཐུས་མི་ མཐར་ཕྱིན་གྱིས་ ད་ཚུན་ གློག་མེ་ལས་འགུལ་བཟོ་སྐྲུན་འབད་མི་ཚུ་ནང་ ལས་འགུལ་མདོ་ཆེན་ལས་ འགོ་བཙུགས་ རྒྱ་གར་གྱི་ མི་ཁུངས་ཚུ་ཡོད་པའི་ཁར་ འཕྲུལ་རིག་གི་དཀའ་ངལ་ཐོན་རུང་ རྒྱ་གར་ལུ་ཡོད་མི་ ཡིག་ཚང་ཚུ་དང་འབྲེལ་བ་འཐབ་དགོ་ནི་དེ་གིས་ བྱ་སྟབས་མ་བདེ་བའི་གནས་སྟངས་ཐོག་ལུ་ འབད་དེ་ཡོད་མི་དེ་ ད་ལས་ཕར་ འཆར་གཞི་ནང་ཡོད་མི་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ བསྒྱུར་བཅོས་འབད་དེ་ འབྲུག་པའི་མཁས་མཆོག་ཡོད་པ་ཅིན་ བཙུགས་ཐབས་འབད་ནི་གི་ འཆར་གཞི་ཚུ་ ག་དེ་སྦེ་ར་ ཡོད་ག་ཟེར་ཞུ་ཡི།
འཐུས་མི་གིས་ ད་ཚུན་ རྒྱ་གར་གྱི་ མི་ཁུངས་ཚུ་ལུ་ འགོ་འཛིན་གྱི་གོ་གནས་ཚུ་ བྱིན་མི་དེ་ཡང་ འདས་པའི་ཆིངས་ཡིག་ཚུ་དང་འཁྲིལ་ བསྐོ་བཞག་འབད་ཡོད་རུང་ ད་ལས་ཕར་ མཉམ་འབྲེལ་གྱི་ཐོག་ལས་ བཟོ་སྐྲུན་འབད་ནི་ཨིན་མི་ མཁོ་ལོང་ཆུ་དང་ སཱུན་ཀོཤ་ བུ་ན་གུ་ དེ་ལས་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་ཚུ་གི་དོན་ལུ་ ཧེ་མའི་གན་ཡིག་དེ་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ཞུ་ཡི།
ལམ་གོང་ཝང་ལྕང་གི་འཐུས་མི་ མཁའ་འགྲོ་དབང་ཕྱུག་གིས་འབད་བ་ཅིན་ དཀའ་ངལ་ག་ཅི་ཐོནམ་ཅིག་ རྒྱ་གར་ལུ་ཡོད་མི་ ཁོང་གི་ཡིག་ཚང་ནང་ འབྲེལ་བ་འཐབ་དགོཔ་མེད་ཟེར་ཨིནམ་ད་ འཐུས་མི་གིས་འབད་བ་ཅིན་ འཕྲུལ་རིག་གི་ དཀའ་ངལ་མེད་པ་ཅིན་ འབྲེལ་བ་འཐབ་ནི་མེད་ཟེར་ཨིནམ་ད་ བསྐོ་བཞག་དེ་ཡང་ ཁོང་ལུ་ ཉམས་མྱོང་ཡོད་མི་དང་འཁྲིལ་ ཨིན་ཟེར་ཞུ་ཡི།
འདས་པའི་གློག་མེ་ལས་འགུལ་ཚུ་ནང་ ཟད་འགྲོ་ཚུ་ ལོག་ལྟབ་ཀྱིས་ ཡར་སེང་སོང་མིའི་ ཉམས་མྱོང་ལུ་བརྟེན་ ཚོགས་ཆུང་གིས་ ད་ལས་ཕར་ གློག་མེ་ལས་འགུལ་བཟོ་སྐྲུན་འབད་ནི་ཨིན་མི་ཚུ་གི་དོན་ལུ་ ཧེ་མ་ལས་ ལས་འགུལ་གྱི་ཁ་གསལ་སྙན་ཞུ་ བཟོ་བའི་སྐབས་ལས་ར་ ཟད་རྩིས་ཚུ་ཡང་ ག་དེམ་ཅིག་ གནས་ནི་ཨིན་ན་ཚུ་ ཁ་གསལ་སྙན་ཞུ་ཚུ་དང་འཁྲིལ་ བཟོ་བ་ཅིན་ ཤུལ་ལས་ ལཱ་འགོ་བཙུགསཔ་ད་ ཟད་རྩིས་ཀྱི་ཁྱད་པར་ དེ་ཅིག་མི་འཐོན་ཟེར་ཨིན་པས།
དེ་མ་ཚད་ མ་འོངས་པའི་ ལས་འགུལ་ཚུ་གི་དོན་ལུ་ ལས་འགུལ་ཁ་གསལ་སྙན་ཞུ་ བཟོ་མི་ཚུ་ལུ་ དུས་ཚོད་ལངམ་སྦེ་ སྤྲོད་དགོ་པའི་ གྲོས་འདེབས་འབད་མི་ལུ་ རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *