༉ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ རྩིས་ཞིབ་དཔྱད་ཡིག་༢༠༡༧ ཅན་མའི་སྐོར་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུའི་བར་ན་ མོས་མཐུན་བྱུང་མ་ཚུགས་པའི་ གནད་དོན་༡༦ གུ་ གསུང་གྲོས་གནང་ཞིནམ་ལས་ བཅའ་ཁྲིམས་སྦེ་ ཆ་འཇོག་གྲུབ་གནང་ཡི།
དེ་ཡང་ ཁ་ཙ་དྲོ་པར་ རྩོད་རྙོགས་ཅན་གྱི་ དཔྱད་ཡིག་སྐོར་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་གནང་མི་ བཀའ་གྲོལ་གྱི་བཀའ་ཤོག་ ཚོགས་དམངས་ལུ་ ལྷག་ཕུལ་ཞིནམ་ལས་ མཉམ་འབྲེལ་ཚོགས་ཆུང་གི་ཁྲི་འཛིན་ ཁྱད་ལྡན་གྱི་འཐུས་མི་ ཀརྨ་ཚེ་རིང་གིས་ དཔྱད་ཡིག་དང་ མོས་མཐུན་བྱུང་མ་ཚུགས་པའི་ དོན་ཚན་ཚུ་གི་ རྒྱབ་ཁུངས་དང་བཅསཔ་སྦེ་ སྙན་ཞུ་ཕུལ་ཡི།
ཁྲི་འཛིན་གྱིས་ ཞུ་མིའི་ནང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་ཐེངས་༡༠ པའི་ནང་ རྩིས་ཞིབ་དཔྱད་ཡིག་༢༠༡༧ ཅན་མའི་སྐོར་ གསུང་གྲོས་གནང་ཡོདཔ་མ་ཚད་ རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཐེངས་༢༠ པའི་ནང་ རྩོད་རྙོགས་ཀྱི་དོན་ཚན་༡༦ ཕུལ་ཡོད་མི་ཚུ་ འཐུས་མི་༡༢ འབད་མི་ ཚོགས་ཆུང་གིས་ ཟླཝ་འདི་གི་ སྤྱི་ཚེས་༡༡ དང་༡༣ ལུ་ ཉིནམ་༢ ཀྱི་རིང་ མཉམ་འབྲེལ་ཞལ་འཛོམས་འཚོགས་པའི་སྐབས་ དོན་ཚན་༡ གུ་ འཐུས་མི་དག་པ་ཅིག་གི་བར་ན་ ཁན་འཆམ་མ་ཚུགས་རུང་ ལགཔ་ཡར་སེང་སྟེ་ མོས་མཐུན་ཐོག་ ཐག་བཅད་དེ་ གྲོས་འདེབས་སྦེ་ བཀོད་ཡོད་མི་ཚུ་ ཚོགས་དམངས་ཀྱིས་ ཆ་འཇོག་གནང་འོང་མནོ་བའི་ རེ་བ་ཡོད་ཟེར་ཞུ་ཡི།
ཁྲི་འཛིན་འོགམ་ བསམ་རྩེའི་འཐུས་མི་ རི་ཏུ་རཱཇི་གིས་ཡང་ དཔྱད་ཡིག་དེ་ འདས་པའི་ལོ་༡༠ གྱི་རིང་ སྒེར་གྱི་དཔྱད་ཡིག་༢ པ་སྦེ་ ཕུལ་ཏེ་ཡོདཔ་བཞིན་དུ་ རྒྱལ་རབས་དང་ལྡན་པའི་ཁར་ ཕན་རླབས་ཆེ་བའི་ དཔྱད་ཡིག་དེ་ བཅའ་ཁྲིམས་སྦེ་ ཆ་འཇོག་གནང་ནི་ལུ་ ག་ར་གིས་ རྒྱབ་སྐྱོར་གནང་དགོ་ཟེར་ཞུ་ཡི།
པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ཁོ་ར་ ཚོགས་ཆུང་གི་ འཐུས་མི་ཅིག་ཡང་ ཨིན་པའི་ཁར་ ཞལ་འཛོམས་སྐབས་ དོན་ཚན་༡༥ པའི་ཐད་ལུ་ ཚོགས་ཆུང་གི་ གྲོས་འདེབས་གུ་ བསམ་པ་མ་རྫོགས་མི་ འཐུས་མི་ཅིག་ཡང་ཨིནམ་ལས་ དོན་ཚན་དེ་ ཕྱིར་དབྱུང་མཛད་དགོ་པའི་ གྲོས་འདེབས་ཕུལ་ཡི།
ཁོ་གིས་ དོན་ཚན་དེ་ནང་ གལ་སྲིད་ རྒྱལ་ཡོངས་འཆར་དངུལ་གྱི་དོན་ལུ་ སྤྱི་ཚོགས་ཀྱི་ གྲོས་ཆོད་ཕྱིར་འགྱངས་ལུས་པ་ཅིན་ དངུལ་རྩིས་ལྷན་ཁག་གིས་ དབང་འཛིན་ལུ་ ཉུང་ཤོས་ཧེ་མའི་ འཆར་དངུལ་དང་འདྲ་མཉམ་གྱི་ གནས་སྐབས་མ་དངུལ་བྱིན་དགོ་ཟེར་ བཀོད་དེ་ཡོད་མི་དེ་ རྩ་ཁྲིམས་ཆེན་མོའི་ནང་ གསལ་རིལ་རི་སྦེ་འཁོད་དེ་ཡོདཔ་ལས་ བཅའ་ཁྲིམས་འདི་ནང་ ཚུད་དགོཔ་མིན་འདུག་ཟེར་ཞུ་ཡི།
ཕྱི་འབྲེལ་བློན་པོ་དམ་ཆོས་རྡོ་རྗེ་དང་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་ དེ་ལས་ མཁར་-གཡུ་རུང་གི་འཐུས་མི་ བཟང་ལེགས་འབྲུག་པ་གིས་ འཐུས་མི་རྡོ་རྗེ་དབང་འདུས་ཀྱི་ རྒྱབ་སྐྱོར་སྦེ་ཞུ་ཡི།
ཨིན་རུང་ མགར་སའི་ཚོགས་སྡེའི་འཐུས་མི་ རྡོ་རྗེ་མཁའ་འགྲོ་གིས་ རང་དབང་ཅན་གྱི་ གཙུག་སྡེ་གཞན་གྱི་ བཅའ་ཁྲིམས་ཚུ་ནང་ཡང་ དེ་བཟུམ་མའི་ དོན་ཚན་དེ་ ཚུད་དེ་ཡོདཔ་ལས་ རྩ་ཁྲིམས་ཆེན་མོ་ནང་ དོན་ཚན་ཚུ་ཚུད་དེ་ཡོད་རུང་ ཁ་གསལ་སྦེ་མེདཔ་ལས་ མཉམ་འབྲེལ་ཚོགས་ཆུང་གི་ གྲོས་འདེབས་ལྟར་ བཞག་དགོ་པའི་ཞུ་བ་ཕུལ་ཡོདཔ་མ་ཚད་ ལྷུན་རྩེའི་འཐུས་མི་ བསྟན་པ་རྡོ་རྗེ་གིས་ཡང་ རང་དབང་ཅན་གྱི་ གཙུག་སྡེ་ལུ་ སེམས་ཤུགས་དང་ བློ་སྤོབས་བྱིན་ནིའི་དོན་ལུ་ དོན་ཚན་དེ་ མཉམ་འབྲེལ་ཚེོགས་ཆུང་གིས་ འཁོད་ཡོད་མི་དེ་ རང་འཇགས་སྦེ་ བཞག་གནང་དགོཔ་སྦེ་ཞུ་ཡི།
ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ ཁྲིམས་བཟོའི་བྱ་བའི་གནད་སྤྱོད་ཀྱི་ བྱ་རིམ་དང་འཁྲིལ་ དོན་ཚན་དེ་ ཕྱིར་དབྱུང་མཛད་ནི་ལུ་ རྒྱབ་སྐྱོར་ཡོད་མི་ཚུ་གི་ ལགཔ་ཡར་སེང་དགོཔ་སྦེ་ བཀའ་གནངམ་ད་ འཐུས་མི་༢༦ ཐོན་ཡོད་རུང་ མང་མོས་ཀྱི་ རྒྱབ་སྐྱོར་ཡོད་པ་ཅིན་ འཐུས་མི་༣༦ ལས་མ་ཉུངམ་སྦེ་ དགོ་ནི་དེ་གིས་ རྒྱབ་སྐྱོར་མེད་མི་མང་སོཔ་ལས་ གྲོས་འདེབས་ནང་ཡོད་མི་དེ་ར་ བཞག་ནི་སྦེ་ཐག་བཅད་ཅི།
དེ་གི་ཤུལ་ལས་ མོས་མཐུན་མ་བྱུང་ཚུགས་པའི་ དོན་ཚན་༡༦ ཆ་འཇོག་གི་དོན་ལུ་ འཕྲུལ་ཆས་ཐོག་ ཚོགས་རྒྱན་སྐྱུར་བའི་སྐབས་ འཐུས་མི་༦༢ ཀྱིས་བཏུབ་དང་ འཐུས་མི་༢ ཀྱིས་མི་བཏུབ་ཟེར་ ཚོགས་རྒྱན་བཙུགས་ཡོདཔ་ད་ འཐུས་མི་༥ གིས་ ཚོགས་རྒྱན་མ་བཙུགས་པར་ འཛེམས་སྡོད་ཡོདཔ་ད་ དཔྱད་ཡིག་དེ་ མང་མོས་ཐོག་ལས་བཅའ་ཁྲིམས་གུ་ ཆ་འཇོག་མཛད་ཡོད་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།