མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་དང་ ལྷན་བཞུགས་གནང་པའི་བསྒང་།

སྤྱི་ཚོགས་གཉིས་པའི་ ཚོགས་ཐེངས་༡༡ པ་ མི་དབང་མངའ་ཞབས་མཆོག་ དབུ་བཞུགས་ཐོག་ མཇུག་བསྡུ་ཡོདཔ།

༉ སྤྱི་ཚོགས་༢ པའི་ མཇུག་བསྡུའི་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེན་མཆོག་གིས་ དབུ་བཞུགས་མཛད་གནང་མི་དང་འབྲེལ་ ཨ་རྟག་བཟུམ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ བཀྲིས་ལེགས་སྨོན་ཕུལ་ཏེ་ གུས་བཏུད་ཞུཝ་དང་གཅིག་ཁར་ ཚོགས་ཐེངས་༡༡ པ་དེ་ ཁ་ཙ་ མཇུག་བསྡུ་ཡི།
མི་དབང་མཆོག་གིས་ མི་སེར་གྱི་མཐའ་དོན་དང་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ རང་བཙན་ དེ་ལས་ དཔལ་འབྱོར་གོང་འཕེལ་གྱི་ མཐའ་དོན་ལུ་གཟིགས་ཏེ་ ཕྱག་ལཱ་གནང་མི་ལུ་ དགའ་ཚོར་ཡོད་ཟེར་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ ཞུ་ཡི།
མི་དབང་མཆོག་གིས་ རྫོང་ཁག་ཉི་ཤུ་ག་རའི་ནང་ གཟིགས་སྐོར་གནང་སྟེ་ མི་སེར་ཚུ་ལུ་ སའི་སྐྱིད་སྡུག་གཟིགས་གནང་པའི་ཁར་ སློབ་ཕྲུག་ཚུ་གིས་ ཤེས་ཡོན་འཕྲོ་མཐུད་ལྷབ་ནིའི་ གོ་སྐབས་བྱིན་ཐབས་ལུ་ ཆོས་རྩེ་དཔོན་སློབ་ཀྱི་ སློབ་གཉེར་གྲོགས་རམ་དང་ རྒྱལ་པོའི་ལྟོ་གཟན་གྱི་ གྲོགས་རམ་གནང་མི་ལུ་ དགའ་ཚོར་ཡོད་ཟེར་ ཚོགས་དཔོན་གྱིས་ ཞུ་ཡི།
མི་དབང་མཆོག་ ཆོས་སྲིད་ཀྱི་བདག་ཉིད་ཨིན་པའི་ཁར་ གྲྭ་ཚང་གི་དོན་ལུ་ རྒྱབ་སྐྱོང་གནང་ རྒྱལ་ཡོངས་ཀྱི་ གནས་དང་ཅ་རྙིངས་ཚུ་ བདག་འཛིན་འབད་དགོ་པའི་ བཀའ་སློབ་གནང་མི་དེ་གིས་ དབང་འདུས་ཕོ་བྲང་དང་ སྤ་རོ་འབྲུག་རྒྱལ་རྫོང་ཉམས་གསོ་ཞུ་ཡོད་པའི་ཁར་ རྒྱལ་ཁབ་ནང་འཁོད་ཀྱི་ མཆོད་རྟེན་དང་སྒོམ་སྡེ་ ལྷ་ཁང་ཚུ་ བཞེངས་ནིའི་ནང་ གྲོགས་རམ་གནང་ཡོད་མི་ལུ་ སྤྱི་ཚོགས་ཀྱི་ཧོངས་ལས་ དགའ་ཚོར་ཡོད་ལུགས་ཞུ་ཡི།
ཚོགས་དཔོན་གྱིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཁྲིམས་ཀྱི་རིང་ལུགས་ ཚུལ་ལྡན་ཡོདཔ་བཟོ་ནི་དང་ དུས་ཚོད་ཁར་ དྲང་ཁྲིམས་བྱིན་ཐབས་ལུ་ མི་དབང་མཆོག་གིས་ དྲང་ཁྲིམས་ལྷན་སྡེ་ ཡར་དྲག་བཏང་སྟེ་ ཡོད་པའི་ཁར་ རྒྱལ་འཛིན་གཞུང་སྐྱོང་དང་ ཐབས་རིག་སྤེལ་ཁང་དང་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་དོན་སློབ་གྲྭ་གཞི་བཙུགས་འབད་མི་དེ་གིས་ རྒྱལ་ཁབ་ནང་ ལྷག་པར་དུ་ ཁེ་ཕན་འཐོབ་ཚུགས་ཟེར་གསུངས་ཡི།
མི་དབང་མཆོག་གིས་ དྲག་ཁག་གསུམ་གྱི་ དམག་སྡེ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་པའི་ཁར་ བདེ་སྲུང་གི་ ལས་རིམ་གཞི་བཙུགས་གནང་སྟེ་ དམག་སྡེ་ཚུ་ལུ་ ཉམས་མྱོང་འཐོབ་ཐབས་ལུ་དམིགས་ཏེ་ འཛམ་གླིང་སྤྱི་ཚོགས་ཞི་བདེའི་ ལས་རིམ་ནང་ཡང་ འགོ་དཔོན་ལེ་ཤ་ བཏང་ཡོད་ཟེར་ཞུ་ཡི།
མི་དབང་མངའ་ཞབས་མཆོག་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ གཟིགས་སྐོར་ལུ་ བྱོན་མི་དེ་གིས་ ཕྱི་རྒྱལ་ལས་ སྐུ་མགྲོན་སྦོམ་ཚུ་ རྒྱལ་ཁབ་ནང་བྱོན་ཡོདཔ་མ་ཚད་ མི་དབང་མཆོག་གི་མཛད་བྱ་ལུ་ ཡིད་ཆེད་ངལ་རངས་བྱུངམ་ལས་ ཕྱི་རྒྱལ་གྱི་ དབུ་ཁྲིད་ཚུ་གིས་ རྒྱལ་ཁབ་ནང་འོང་ནིའི་ གོ་སྐབས་འདུག་ཟེར་ཞུ་ཡི།
མི་དབང་མཆོག་གིས་ བཀའ་སློབ་བཟང་པོ་གནང་མི་ལུ་བརྟེན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ སྐྱེད་ཀྱི་ཚད་གཞི་ མར་ཕབ་བཅུག་མི་དེ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ ཚོགས་དཔོན་གྱིས་ ཞུ་བའི་ཁར་ ཀུན་གསལ་ཕོ་བྲང་ལུ་ སྤྱི་ལོ་༢༠༡༥ ཟླ་༦ པའི་ཚེས་༢ ལུ་ ཤིང་གི་ལྕངམ་༤༩,༦༧༢ འཛུགས་སྐྱོང་འབད་མི་དེ་གིས་ འཛམ་གླིང་ནང་ སྙན་གྲགས་ཅན་གྱི་ གནས་ཐོ་ནང་ ཚུད་ཚུགས་ཏེ་ཡོད་ཟེར་ཞུ་ཡི།
འབྲུག་མི་དང་ འཛམ་གླིང་ཞི་བདེའི་དོན་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ཡང་ སྐུ་རིམ་སྣ་ཚོགས་ དབུ་བཞུགས་ཐོག་ གནང་མི་དང་ ཆོས་འབྲེལ་ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་ནིའི་དོན་ལུ་ བརྟན་རྩའི་མ་དངུལ་གནང་སྟེ་ཡོད་མི་ལུ་ སྤྱི་ཚོགས་ཀྱིས་ བཀྲིན་དགའ་ཚོར་ཞུ་ཡི།
སྤྱི་ཚོགས་༢ པ་དེ་ ཚོགས་ཐེངས་༡༡ གི་རིང་ འཚོགས་པའི་སྐབས་ སྤྱི་ཚོགས་ལྷན་བཞུགས་ཉིན་གྲངས་༦༢ འཚོགས་ཡོདཔ་ད་ འཆར་གཞི་༡༡ པའི་ནང་ དངུལ་ཀྲམ་ཐེར་འབུམ་༢༢༡ སྤྱི་ཚོགས་ཀྱིས་ ཆ་འཇོག་འབད་ཡོདཔ་བཞིན་དུ་ དཔྱད་ཡིག་༢༦ ལུ་ གྲོས་བསྟུན་འབད་དེ་༢༣ ཚོགས་ཐེངས་གཉིས་པའི་ནང་ ཆ་འཇོག་འབད་ཚར་ཡོདཔ་ཨིན་པས།
དེ་ལས་ མཐུན་གྲོས་༡༤ ལུ་ གྲོས་བསྟུན་འབད་བའི་ཤུལ་ལས་༡༡ བདེན་སྦྱོར་འབད་ཡོདཔ་ད་ གྲོས་འདེབས་ཁག་༡༡ དང་ དྲི་བ་༤༨༣ དེ་ལས་ ས་གནས་གཞུང་དང་འབྲེལ་བའི་གནད་དོན་ཁག་༡༧༤ ལུ་ གྲོས་བསྟུན་འབད་དེ་ འབྲེལ་ཡོད་ཡིག་ཚང་དང་ ལས་སྡེ་ཚུ་ལུ་ བཏང་ཡོདཔ་ཨིན་པས།
འཆར་གཞི་༡༡ པའི་ནང་ དཔལ་འབྱོར་གོང་འཕེལ་དང་ ལེགས་ལྡན་གཞུང་སྐྱོང་ འཕྲུལ་རིག་ གསོ་བ་ ཤེས་རིག་ དེ་ལས་ གཞི་རྟེན་མཁོ་ཆས་ཚུ་ནང་ རེ་བ་ལས་ལྷག་པའི་ གྲུབ་འབྲས་སྦོམ་ཐོན་ཚུགས་ཅི་ཟེར་ ཚོགས་དཔོན་གྱིས་ཞུ་ཡི།
རྒྱ་གར་གཞུང་གིས་ གྲོགས་རམ་ཚུ་ གནང་ཡོད་པའི་ཁར་ ཇ་པཱན་གཞུང་དང་ ཡུ་རོ་པིན་སྤྱི་མཐུན་ དེ་ལས་ གཞན་ཡང་ རྒྱལ་སྤྱིའི་ལས་སྡེ་ཚུ་གིས་ཡང་ འཆར་ལོ་ནང་ གྲོགས་རམ་གནང་སྟེ་ཡོད་ཟེར་ཞུ་ཡི།
གཞུང་སྐྱོང་ནིའི་ གོ་སྐབས་ཐོབ་མི་དང་བསྟུན་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་༦༠ བཞེས་པའི་ དུས་སྟོན་བརྩི་སྲུང་ཞུ་ནིའི་ གོ་སྐབས་ཐོབ་མི་དེ་ལུ་ བསྐལ་བ་བཟང་ནུག་ཟེར་ ཚོགས་དཔོན་གྱིས་ ཞུ་བའི་ཁར་ མི་དབང་མཆོག་གིས་ ཆོས་རྩེ་དཔོན་སློབ་སྦེ་ ལོ་བརྒྱད་དང་ རྒྱལ་ཁམས་སྐྱོང་སྟེ་ ལོ་ངོ་༡༠ ལང་མི་དང་ མི་དབང་རྒྱལ་སྲས་སྐུ་འཁྲུངས་མིའི་དུས་སྟོན་ཚུ་ བརྩི་སྲུང་ཞུ་ནིའི་གོ་སྐབས་ཐོབ་ཅི་ཟེར་ཞུ་ཡི།
ཚོགས་དཔོན་གྱིས་ མི་དབང་ཡབ་མེས་སྲས་གསུམ་ལུ་ དུས་གཅིག་ནང་ ཕྱག་ཞུ་ནིའི་ གོ་སྐབས་ཐོབ་མི་དེ་ རྒྱལ་རབས་ནང་ ཚུད་པའི་ཁར་ འབྲུག་མི་ཚུ་ལུ་ བསྐལ་བ་བཟང་བའི་ཉིནམ་ དེ་ལས་ལྷག་མི་འོང་ཟེར་ཞུ་ཡི།
ཚོགས་དཔོན་གྱིས་ འབྲུག་མི་ཡོངས་ཀྱི་ ངོ་ཚབ་སྦེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དེ་ལས་ མི་དབང་རྒྱལ་སྲས་ དེ་ལས་ སྐུ་འཁོར་དང་དབང་ཕྱུག་བརྒྱུད་འཛིན་ལུ་ བར་ཆད་མེད་པར་ དར་ཞིང་རྒྱས་པའི་ ལེགས་སྨོན་ཡོད་ལུགས་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *