དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ ས་གནས་གཞུང་གི་ དངུལ་ཕོགས་ཡར་སེང་སྐོར་ལས་ གསལ་ཞུ་འབད་བའི་བསྒང་།

སྤྱི་ཚོགས་ཀྱིས་ ས་གནས་གཞུང་གི་ དངུལ་ཕོགས་ཡར་སེང་ ཆ་འཇོག་འབད་ཡོདཔ།

༉ ས་གནས་གཞུང་གི་ དངུལ་ཕོགས་བསྐྱར་གསོ་དེ་ལུ་ སྤྱི་ཚོགས་ཀྱི་ འཐུས་མི་ཡོངས་ཀྱིས་ རྒྱབ་སྐྱོར་འབད་བ་གིས་མ་ཚད་ ལ་ལོ་ཅིག་གིས་ ཧེང་སྐལ་ར་ ཡར་སེང་འབད་དགོཔ་སྦེ་ཨིནམ་ད་ ལ་ལོ་ཅིག་གིས་འབད་བ་ཅིན་ ཞི་གཡོགཔ་ཚུ་ལུ་ཡང་ འདྲ་མཉམ་སྦེ་ར་ གནང་དགོ་པའི་ ཞུ་བ་འབད་ཡི།

དགྲ་མེད་རྩེ་སྔ་ཚང་གི་འཐུས་མི་ ཨྱོན་དབང་འདུས་ཀྱིས་ ཞུ་མིའི་ནང་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ ཕྱག་ལཱ་གནང་པའི་སྐབས་ དོན་སྨིན་ཅན་སྦེ་ གནང་ཚུགས་ཐབས་ལུ་དང་ ས་གནས་གཞུང་གི་ འགོ་དཔོན་ཚུ་ འགན་ཁུར་ཐེབས་ཡོད་མི་ལུ་བརྟེན་ སེམས་ཤུགས་ཐེབས་ བསྐྱེད་བཅུག་ནིའི་དོན་ལུ་ དངུལ་ཕོགས་ལྷན་ཚོགས་ཀྱིས་ དངུལ་ཕོགས་ཡར་སེང་ བརྒྱ་ཆ་༤༠ གྲོས་འདེབས་ཕུལ་མི་དེ་ ཉུང་སོཔ་བཟུམ་སྦེ་ མཐོངམ་མས་ཟེར་ཞུ་ཡི།
དེ་འབདཝ་ལས་ ཁོང་གི་འགན་ཁུར་དང་འཁྲིལ་ཏེ་ རྒཔོ་དང་ དམངས་མི་ ཚོགས་པ་ཚུ་ལུ་ ད་རུང་ དུམ་གྲ་རེ་ ཡར་སེང་གནང་ཐབས་ཡོད་པ་ཅིན་ཟེར་བའི་ གྲོས་འདེབས་ཕུལ་ཡི།
དེ་བཟུམ་སྦེ་ ལམ་གོང་ཝང་ལྕང་གི་འཐུས་མི་ མཁའ་འགྲོ་དབང་ཕྱུག་གིས་ ས་གནས་གཞུང་གི་ དངུལ་ཕོགས་ཡར་སེང་འབད་བའི་སྐབས་ འདྲ་མཉམ་དང་དྲང་བདེན་སྦེ་ འགྱོ་ཐབས་ལུ་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་ཡང་ ཡར་སེང་འབད་དགོཔ་གལ་ཆེ་བས་ཟེར་ཞུ་ཡི།
མ་གཞི་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་དགོཔ་སྦེ་ ཞུ་བའི་སྐབས་ ཞི་གཡོགཔ་ཉམ་ཆུང་ཚུ་ལུ་ ཕན་རླབས་ཆེ་བའི་དོན་ལུ་ཨིནམ་ད་ ཞི་གཡོགཔ་ཆུང་རིམ་ཚུ་ དངུལ་ཕོགས་ཀྱི་ཚད་གཞི་ ཉུང་སུ་སྦེ་ ཡོད་མི་ལུ་བརྟེན་ ཉུང་སུ་སྦེ་ར་ ལུས་དོ་ཡོདཔ་ལས་ ཚ་གྱང་ལངམ་མས་ཟེར་ཞུ་ཡི།
འབྲུག་རྗེས་སྒང་ རྩེ་ཟ་གི་འཐུས་མི་ ཀརྨ་རྡོ་རྗེ་གིས་ ཞུ་མིའི་ནང་ ས་གནས་གཞུང་གི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་དེ་ འབོར་ཆེ་ཏོག་ཏོ་སྦེ་ བཟོ་བ་ཅིན་ མ་འོངས་པ་ལུ་ ན་གཞོན་ལྕོགས་གྲུབ་ཅན་ཚུ་གིས་ གོ་སྐབས་ལེན་ཏེ་ འགོ་ཁྲིདཔ་འབད་ནི་གི་ གོ་སྐབས་སྦོམ་ཡོདཔ་ལས་ དེ་གིས་ དམངས་གཙོའི་རིང་ལུགས་ སྒྲིང་སྒྲི་བཟོ་ནི་ལུ་ ཁེ་ཕན་སྦོམ་འདུག་ཟེར་ཨིན་པས།
པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ འབད་བ་ཅིན་ ས་གནས་གཞུང་གི་ ལས་བྱེདཔ་ཚུ་གིས་ མི་མང་ལུ་ ཞབས་ཏོག་ལེགས་ཤོམ་ཞུ་བའི་ ངོས་ལེན་ལུ་ དངུལ་ཕོགས་ཡར་སེང་གནང་ནི་དེ་ འོས་འབབ་འདུག་ཟེར་ཞུ་ཡི།
དེ་འབདཝ་ད་ སྤྱི་གཡོགཔ་དང་ ཞི་གཡོགཔ་ཚུ་ལུ་ཡང་ ཤོ་མཉམ་སྦེ་ ཡར་སེང་འབད་དགོཔ་དེ་ཡང་ ཁག་ཆེ་བས་ཟེར་ཞུ་ཡི།
ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་འབད་བ་ཅིན་ མ་གཞི་ དངུལ་ཕོགས་དེ་ འདྲ་མཉམ་སྦེ་ར་ ཡར་སེང་འབད་དགོཔ་འདུག་ཟེར་ཞུ་ཡི།
དེ་འབདཝ་ད་ རྒྱལ་ཁབ་ཀྱི་ བུ་ལོན་དང་ དཔལ་འབྱོར་གྱི་གནས་སྟངས་ ག་དེ་སྦེ་ ཡོདཔ་ཨིན་ན་ ག་ར་གིས་ ཤེས་ས་ཨིནམ་ལས་ ད་ལྟོའི་ གནས་སྟངས་ནང་ ས་གནས་གཞུང་ལུ་ གཙོ་རིམ་བཟུང་ཞིནམ་ལས་ དངུལ་ཕོགས་ཡར་སེང་དེ་ ཁོང་ལུ་བྱིན་དོ་ཟེར་ ཕྱི་འབྲེལ་བློན་པོ་གིས་ ཞུ་ཡི།
དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ ཞུ་མིའི་ནང་ གཞུང་གིས་ ས་གནས་གཞུང་དང་ ཞི་གཡོགཔ་ག་ར་ལུ་ འདྲ་མཉམ་སྦེ་ གནང་ཚུགས་པའི་རེ་བ་ཨིན་རུང་ གཞུང་གི་ཁ་ཐུག་ལས་ དེ་སྦེ་ཡར་སེང་འབད་བའི་སྐབས་ རྒྱལ་ཁབ་སྤྱིར་བཏང་གི་ མནོ་བསམ་གཏང་དགོཔ་ཡང་ བྱུངམ་མས་ཟེར་ཨིན་པས།
གཞུང་གིས་ དངུལ་ཕོགས་ཡར་སེང་འབད་བྱིན་པའི་སྐབས་ སྒེར་སྡེ་ཚུ་གིས་ཡང་ འབད་དགོ་པའི་རེ་བ་ མི་སེར་ཡོངས་ཀྱིས་ བསྐྱེད་ནི་ཨིནམ་ལས་ དེ་ཡང་ བལྟ་དགོཔ་ཁག་ཆེ་བས་ཟེར་ཞུ་ཡི།
དེ་མ་ཚད་ ད་ལྟོ་རྒྱལ་ཁབ་ནང་ གློག་མེ་འཕྲུལ་ཁང་མང་ཤོས་ཅིག་ མཇུག་བསྡུ་རན་ཁར་ ལྷོད་དེ་ཡོདཔ་ལས་ ཟད་འགྲོ་འབོར་ཆེ་ཏོག་ཏོ་སྦེ་ བཏང་པའི་ནམ་དུས་ལུ་འབད་ནི་དེ་གིས་ སྤྱི་ལོ་༢༠༡༨ ཀྱི་ཧེ་མར་ གློག་མེ་མཇུག་བསྡུ་སྟེ་ ཕྱིར་ཚོང་འཐབ་ཚུགསཔ་འགྱོ་བ་ཅིན་ དེ་བསྒང་ ཞི་གཡོགཔ་ཚུ་ལུ་ཡང་ ཡར་སེང་འབད་ནིའི་ ཐབས་ལམ་ཚུ་ བལྟ་ནི་ཨིན་ཟེར་ཞུ་ཡི།
དངུལ་ཕོགས་ལྷན་ཚོགས་ཀྱིས་ ས་གནས་གཞུང་གི་ དངུལ་ཕོགས་ཀྱི་ ཚད་གཞི་ལས་ དངུལ་ཕོགས་བརྒྱ་ཆ་༤༠ ཡར་སེང་འབད་མི་དེ་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ སྤྱི་ཚོགས་ཀྱིས་ ཆ་འཇོག་གནང་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *