སྤྱི་ཚོགས་ཀྱི་འཐུས་མི་ཚུ་ འཕྲལ་མགྱོགས་ར་ རྒྱལ་ཡོངས་ཚོགས་འདུའི་ སྒྲིང་ཁྱིམ་ནང་ སྤོ་བཤུད་འབད་ནི།

༉ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་གིས་ ཕྱི་འབྲེལ་ལྷན་ཁག་དང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གི་ ཡིག་ཚང་༢ སྤོ་སོར་འབད་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ ཡོདཔ་ཨིན་པས།
སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ཡིག་ཚང་ཡང་ ཐིམ་ཕུག་ གླང་རྒྱུག་ཕར་ཁ་ལུ་ སྒེར་གྱི་ཁྱིམ་ཅིག་ནང་ གཞི་བཙུགས་འབད་དེ་ཡོདཔ་བཞིན་དུ་ ཧེ་མ་ འཐུས་མི་ཚུ་གི་ ཡིག་ཚང་དང་ ཡིག་ཚང་དང་འབྲེལ་བའི་ མཐུན་རྐྱེན་མེད་མི་ལུ་བརྟེན་ སེམས་མ་དགའ་བའི་གནས་སྟངས་ཡང་ བཤད་ཡོདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ འཐུས་མི་རེ་ལུ་ ཡིག་ཚང་རེ་དགོཔ་མ་ཚད་ ཡིག་ཚང་གི་ས་ཁོངས་ནང་ སྲུང་སྐྱོབ་དང་ སྣུམ་འཁོར་བཞག་ས་མེད་པའི་ དཀའ་ངལ་ཚུ་ བཤད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་གྲུ་པ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཡིག་ཚང་གི་ ས་གོ་ཡོད་མེད་བལྟ་ནིའི་དོན་ལུ་ ད་རེས་ ཚོགས་ཆུང་ཅིག་ཡང་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
ཚོགས་ཆུང་ནང་ འབྲེལ་ཡོད་འཐུས་མི་ ཕྱི་འབྲེལ་ལྷན་ཁག་དང་ རྒྱལ་ཡོངས་རྒྱུ་དངོས་ལས་ཁུངས་ དེ་ལས་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་ཡོདཔ་བཞིན་དུ་ སྤྱི་ཟླ་༡༢ པའི་ཚེས་༡ ལུ་ ཚོགས་ཆུང་གི་ ཞལ་འཛོམས་ཅིག་ཡང་ འཚོགས་ནིའི་ལས་རིམ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་ཆུང་གིས་ སྙན་ཞུ་ཚུ་ ཐག་བཅད་ནིའི་དོན་ལུ་ བློན་ཆེན་དང་ ཚོགས་དཔོན་ལུ་ གསལ་བཤད་འབད་འོང་ཟེར་ཨིནམ་ད་ འཐུས་མི་ཚུ་ག་ར་ རྒྱལ་ཡོངས་ཚོགས་འདུའི་སྒྲིང་ཁྱིམ་ནང་ ཤོང་ཚུགས་མི་ཚུགས་ལྟ་དོ་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤད་ཅི།
ད་ལྟོ་ འཐུས་མི་ཚུ་གི་ ཡིག་ཚང་ཚུ་ སྒྲིང་ཁྱིམ་ཐོག་ཚད་༢ འབད་མིའི་ནང་ གཞི་བཙུགས་འབད་དེ་ཡོདཔ་ད་ གལ་སྲིད་ འཐུས་མི་ཚུ་གི་ ཡིག་ཚང་ཚུ་ ཚོགས་འདུའི་སྒྲིང་ཁྱིམ་ནང་ སྤོ་བཤུད་འབད་བ་ཅིན་ ཚོགས་འདུའི་དྲུང་ཆེན་ཡིག་ཚང་དང་གཅིག་ཁར་ ལཱ་འབད་རུང་ སྟབས་བདེ་ནི་ཨིན་པས།
ཕྱི་འབྲེལ་བློན་པོ་དང་ གཞུང་གི་མགྲིན་ཚབ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ འཐུས་མི་ཚུ་གི་དོན་ལུ་ རྒྱལ་ཡོངས་ཚོགས་འདུའི་ སྒྲིང་ཁྱིམ་ནང་ཡོད་པའི་ ཕྱི་འབྲེལ་ལྷན་ཁག་དེ་ འཕྲལ་མགྱོགས་ར་ སྤོ་བཤུད་འབད་འོང་ཟེར་ཨིན་པས།
ད་རེས་ འཐུས་མི་༣༣ ག་ར་ ད་ལྟོའི་ཡིག་ཚང་དེ་ ལག་ལེན་འཐབ་དོ་ཡོདཔ་ད་ ཚོགས་དཔོན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ དེ་ལས་ ཚོགས་དཔོན་འོགམ་གི་ ཡིག་ཚང་དེ་ རྒྱལ་ཡོངས་ཚོགས་འདུའི་ སྒྲིང་ཁྱིམ་ནང་ར་ རང་འཇགས་ཡོདཔ་ཨིན་པས།
ཕྱི་འབྲེལ་ལྷན་ཁག་དེ་ ས་གོ་གཞན་ཁར་ སྤོ་བཤུད་འབད་ནིའི གྲོས་འཆར་དེ་ ཚོགས་དཔོན་བགྲེསཔ་ འཇིགས་མེད་བཟང་པོ་གིས་ བཙུགས་ཡོད་རུང་ ལྷན་ཁག་ སྤོ་བཤུད་འབད་ནིའི་ ས་གོ་མེདཔ་ལས་ ས་གོ་དེ་ནང་ར་ ལུས་ཡོདཔ་ཨིན་པས།
གནད་དོན་དེ་ ན་ཧིང་ སྤྱི་ཟླ་༧ པའི་ནང་ རྒྱལ་ཡོངས་ཚོགས་འདུའི་ ནང་འཁོད་ཚོགས་ཆུང་ནང་ཡང་ ལྷོད་ཡོདཔ་བཞིན་དུ་ གཞུང་གིས་ ཡིག་ཚང་དེ་ ས་གནས་གཞན་ཁར་ སྤོ་བཤུད་འབད་ནི་མེདཔ་ལས་ འཐུས་མི་ཚུ་གི་བར་ན་ ཉོགས་འཛིང་ཅིག་བྱུང་སྟེ་ ནང་འཁོད་ཚོགས་ཆུང་ ཧྲམ་ནིའི་གུ་ལྷོད་ནུག།
འཐུས་མི་ཚུ་གི་ ཚ་གྱང་སྦོམ་ཤོས་གཅིགཔོ་དེ་ ཡིག་ཚང་ནང་ སྲུང་རྒྱབ་མེད་མི་དེ་ཨིནམ་ད་ ཁོང་གིས་འབད་བ་ཅིན་ མ་གཞི་ ད་ལྟོ་ཚུན་ སྟབས་མ་བདེཝ་མ་འཐོན་རུང་ ཉེན་སྲུང་གི་ཐད་ཁར་ སླབ་མི་ཤེས་དོ་ཡོདཔ་ལས་ སྲུང་རྒྱབ་བཙུགས་དགོཔ་སྦེ་ འཐུས་མི་ཚུ་གིས་ བཤདཔ་ཨིན་པས།
ད་རེས་ ཁང་མིག་༡ ནང་ འཐུས་མི་༢ ཀྱི་ ཡིག་ཚང་བཙུགས་ཏེ་ཡོདཔ་ད་ གལ་སྲིད་ འཐུས་མི་གང་རུང་ཅིག་ འཕྱད་པར་འོངམ་ད་ ཁང་མིག་གི་ ས་གོའི་གནས་སྟངས་ལུ་བརྟེན་ འཐུས་མི་ཅིག་ ངེས་པར་དུ་ ཕྱི་ཁར་འཐོན་འགྱོ་དགོཔ་ བྱུང་དོ་ཡོདཔ་ཨིན་པས།
ཧེ་མ་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ འཆར་གཞི་༡༢ པའི་ནང་ ཕྱི་འབྲེལ་ལྷན་ཁག་གི་ སྒྲིང་ཁྱིམ་བཟོ་ནིའི་དོན་ལུ་ འཆར་དངུལ་ཚུ་ བགོ་བཀྲམ་འབད་དགོ་པའི་ ཞུ་བ་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *