༉ སྤྱི་ཟླ་༡༡ པའི་ཚེས་༧ ལུ་ གཞུང་འགོ་དང་པ་ དབུ་བརྙེསཔ་ཅིག་ གྲོས་ཐག་གཙོ་ཅན་ཅིག་ དངུལ་ཕོགས་ལྷན་ཚོགས་གཞི་བཙུགས་འབད་ནིའི་ གྲོས་ཐག་བཅད་མི་དེ་ཨིན་པས།
གཞུང་གི་ བརྡ་བརྒྱུད་མགྲིན་ཚབ་དང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ དངུལ་རྩིས་ལྷན་ཁག་ལུ་ དངུལ་ཕོགས་ལྷན་ཚོགས་ གཞི་བཙུགས་འབད་ནིའི་དོན་ལུ་ འགན་ཚད་ཟིན་བྲིས་བཏབ་དགོ་པའི་ ཞུ་བ་འབད་དེ་ཡོད་ཟེར་ཨིན་པས།
དེ་ཡང་ དངུལ་ཕོགས་ལྷན་ཚོགས་༤ པའི་ འཐུས་མི་ཚུ་ བསྐོ་བཞག་འབད་ནིའི་དོན་ལུ་ དང་པ་ར་ འགན་ཚད་ཟིན་བྲིས་བཏབ་དགོཔ་བཞིན་དུ་ དངུལ་རྩིས་ལྷན་ཁག་གིས་ ཟིན་བྲིས་བཏབ་ཚར་བའི་ཤུལ་ལས་ ལྷན་རྒྱས་གཞུང་ཚོགས་ལུ་ གསལ་ཞུ་ཕུལ་ཞིནམ་ལས་ དེ་དང་འཁྲིལ་ཏེ་ འཐུས་མི་ཚུ་ བསྐོ་བཞག་འབད་འོང་ཟེར་ཨིན་པས།
དངུལ་ཕོགས་ཡར་སེང་འབད་ནི་དེ་ ཚོགས་ཐེངས་དང་པའི་ནང་ གྲ་སྒྲིག་འབད་མི་ཚུགས་ནི་ཨིན་རུང་ གཞུང་གི་ཁ་ཐུག་ལས་ ཚོགས་ཐེངས་༢ པའི་ནང་ གསུང་གྲོས་གནང་སྟེ་ འབད་ཚུགསཔ་སྦེ་ར་ འབད་ནི་ཟེར་ཨིན་པས།
གཞུང་གིས་ བཙག་འཐུ་ནང་ དོ་འགྲན་འབད་བའི་སྐབས་ ཁས་བླངས་གསལ་བསྒྲགས་ནང་ ཉིན་གྲངས་༡༢༠ འི་ནང་འཁོད་ལུ་ ཁས་བླངས་༢༥ འགྲུབ་ནི་སྦེ་ ཡོད་མིའི་གྲངས་ལུ་ གཅིག་ དངུལ་ཕོགས་ལྷན་ཚོགས་༤ པ་ གཞི་བཙུགས་འབད་ནི་དེ་ཟེར་ ཨིན་པས།
ཁས་བླངས་ནང་ ལོ་བསྟར་བཞིན་དུ་ འཚོ་བའི་གནས་སྟངས་ ཡར་སེང་འགྱོ་དོ་ཡོདཔ་ལས་ འོང་འབབ་དམའ་སུ་འབད་མི་ཚུ་ ཁང་གླ་དང་ ཟ་ཆས་ཉོ་ནི་ དེ་ལས་ ཨ་ལོའི་ཤེས་ཡོན་དོན་ལུ་ ཟད་འགྲོ་གཏང་ནི་ལ་སོགས་པ་ཚུ་ ལཱ་ཁག་བཏང་དོ་ཡོདཔ་ལས་ སྐྱ་ནམ་གྱི་གོང་ཚད་ཡར་འཕར་དང་བསྟུན་ ཞི་གཡོགཔ་ཚུ་ལུ་ དངུལ་ཕོགས་དང་ ཐོབ་ལམ་ཚུ་ འོས་ལྡན་བྱིན་ནི་ཟེར་ འཁོད་ཡོདཔ་ཨིན་པས།
ཚོགས་པའི་ཁ་ཐུག་ལས་ གཞུང་གི་གནས་ཡུན་རིང་ལུ་ ཞི་གཡོགཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་ ཐེངས་༢ འབད་ནི་ཨིན་མ་ཚད་ དངུལ་ཕོགས་ཡར་སེང་དེ་ཡང་ དྭངས་གསལ་གྱི་སྒོ་ལས་དང་ དམིགས་བསལ་དུ་ འོང་འབབ་ཉུང་སུ་འབད་མི་དང་ ལཱ་གཡོག་གི་ གནས་ཚད་བར་མ་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ ཡར་སེང་འབད་ནི་ཟེར་ ཁས་བླངས་འབད་ཡོདཔ་ཨིན་པས།
ད་རུང་ ཚོགས་པ་གིས་ དཔལ་འབྱོར་གྱི་གནས་ཚད་དང་ ཁྲོམ་ཁའི་གོང་ཚད་ཡར་འཕར་སོང་མི་ལུ་ བརྟག་ཞིབ་འབད་ཞིནམ་ལས་ གཞུང་སོར་ནི་ལུ་ བསྒུག་སྡོད་ནི་མེན་པར་ ལོ་བསྟར་བཞིན་དུ་ དངུལ་ཕོགས་བསྐྱར་ཞིབ་འབད་དེ་ དུས་མཐུན་ཡར་སེང་འབད་ནིའི་ ཁས་བླངས་ཡོདཔ་ཨིན་པས།
འཆར་གཞི་༡༢ པའི་ ཟིན་བྲིས་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱིས་ བསྐྱར་ཞིབ་འབད་དོ་ཡོདཔ་ད་ དེ་ནང་ གནད་དོན་ཅིག་ འཆར་དངུལ་དངུལ་ཀྲམ་ཐེར་འབུམ་༧༣ བཞག་མིའི་ཐོག་ལས་ དངུལ་ཀྲམ་ཐེར་འབུམ་༢༠ དངུལ་ཕོགས་ཡར་སེང་གི་དོན་ལུ་ ཨིན་པའི་གནས་ཚུལ།
ཉིམ་རྡོ་རྗེ།