སྤྱི་ཚོགས་༣ པའི་ཚོགས་ཐེངས་༨ པ་ སྤྱི་ཟླ་༡༡ པའི་ནང་འཚོགས་ནི།

༉ འབྲུག་གི་ སྤྱི་ཚོགས་༣ པའི་ཚོགས་ཐེངས་༨ པ་ སྤྱི་ཟླ་༡༡ པའི་ཚེས་༤ ལུ་ འཚོགས་ནི་སྦེ་ གཏན་འཁེལ་སོང་ཡོདཔ་ཨིན་པས།

དེ་ཡང་ རྩ་ཁྲིམས་ཅན་གྱི་འདུས་ཚོགས་དང་ གཙུག་སྡེ་ ལྷན་ཁག་དང་ ལས་སྡེ་ ས་གནས་གཞུང་ཚུ་གིས་ རྒྱལ་ཡོངས་ཚོགས་འདུའི་ནང་ གོང་འཕེལ་དང་འབྲེལ་བའི་གནད་དོན་མེན་པའི་ གཞན་ཁག་ཆེ་བའི་གནད་དོན་རེ་ གསུང་གྲོས་གནང་དགོཔ་ཡོད་པ་ཅིན་ ལམ་སྟོན་དང་འཁྲིལ་ཏེ་ སྤྱི་ཟླ་༡༠ པའི་ཚེས་༡༣ གྱི་ནང་འཁོད་ སྔོན་འགྲོའི་ཞལ་འཛོམས་ནང་ གྲོས་གཞི་བཙུགས་ཐབས་ཀྱི་དོན་ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་ནང་ གཏང་དགོཔ་སྦེ་ཨིན་པས།

གལ་སྲིད་ གོང་གི་ཚེས་གྲངས་ནང་འཁོད་ མ་ལྷོད་པ་ཅིན་ གནད་དོན་ཚུ་ ཚོགས་ཐེངས་ཀྱི་ གྲོས་གཞིའི་གྲས་ཁར་ བཙུགས་ཐབས་མེདཔ་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

ཁྱབ་བསྒྲགས་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ལྷན་ཚོགས་ཀྱི་ སྔོན་འགྲོའི་ཞལ་འཛོམས་དེ་ སྤྱི་ཟླ་༡༠ པའི་ཚེས་༡༤ ལུ་ འཚོགས་ནི་སྦེ་ གཏན་འཁེལ་སོང་ཡོདཔ་ལས་ ཆེད་བསྟོད་ཅན་གྱི་འཐུས་མི་ཚུ་ གྲོས་གཞི་སྔོན་འགྲོའི་ཞལ་འཛོམས་ནང་ ཆད་ལུས་མེད་པར་འོང་དགོཔ་སྦེ་ བརྡ་འཕྲིན་འབད་ཡོདཔ་ཨིན་པས།

གྲོས་གཞི་བཙུགས་ཐངས་ཀྱི་ ལམ་སྟོན་ཡང་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་སོ་སོར་ཚུ་ལས་ སྙན་ཞུ་དང་ གྲོས་གཞི་རེ་ཡོད་པ་ཅིན་ རྫོང་ཁ་དང་ ཨིང་ལིཤ་ཟུང་འབྲེལ་གྱི་ཐོག་ལས་ བྱིན་དགོཔ་བཞིན་དུ་ ལྷན་ཁག་དང་ ལས་སྡེ་ཁག་ཚུ་ལས་ སྙན་ཞུ་དང་ གྲོས་གཞི་ དཔྱད་ཡིག་དང་ མཐུན་གྲོས་རེ་ཡོད་པ་ཅིན་ རྫོང་ཁ་དང་ ཨིང་ལིཤ་ཟུང་འབྲེལ་ཐོག་ལས་ སྔར་བཞིན་དུ་ ལྷན་རྒྱས་གཞུང་ཚོགས་བརྒྱུད་དེ་ གང་མགྱོགས་བྱིན་དགོཔ་སྦེ་ གསལ་བསྒྲགས་འབད་ནུག།

དེ་བཟུམ་སྦེ་ ས་གནས་གཞུང་དང་ ཡང་ཅིན་ རྫོང་ཁག་ཚུ་ལས་ གོང་འཕེལ་དང་འབྲེལ་བའི་མེད་པའི་ གནད་དོན་གལ་ཅན་གྱི་ ཞུ་ཡིག་རེ་ཡོད་པ་ཅིན་ རྒེད་འོག་ཚོགས་སྡེ་དང་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་དང་ རྫོང་བདག་གི་ ལག་བྲིས་དང་བཅསཔ་སྦེ་ བྱིན་དགོཔ་སྦེ་ཨིན་པས།

རྩ་ཁྲིམས་ཅན་གྱི་ གཙུག་སྡེ་དང་ ལྷན་ཁག་ ལས་ཁུངས་ ལས་སྡེ་ཁག་ཚུ་གིས་ རྒྱལ་ཡོངས་ཚོགས་འདུ་ལུ་ སྙན་ཞུ་དང་ ཡིག་ཆས་ག་ཅི་ར་བྱིན་རུང་ རྫོང་ཁའི་ཐོག་ལས་ ཚུལ་ལྡན་སྦེ་ བྱིན་དགོཔ་ད་ གལ་སྲིད་ ཨིང་སྐད་ཐོག་ལས་ཡོད་པ་ཅིན་ དེ་ལུ་ དྲུང་ཆེན་ཡིག་ཚང་གི་ཧོངས་ལས་ སྙན་ཞུའི་ཡི་གུ་ དགོས་མཁོ་ག་དེ་སྦེ་ཡོད་རུང་ ངོས་ལེན་མི་འབད་ཟེར་ བཀོད་འདུག་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *