སློབ་ཕྲུག་ཚུ་གིས་ ལས་རྩལ་འགྲན་བསྡུར་གྱི་ འགོ་འབྱེད་འབད་བའི་བསྒང་།

སྤྱི་ཕུག་གི་ མི་སེར་ཚུ་ ཆུ་འཐེན་འཕྲུལ་ གཞི་བཙུགས་འབད་ནི་ལུ་སྒུག་སྟེ་ ལོ་༢ ལང་ཡོདཔ།

༉ མོང་སྒར་སྐྱེངས་མཁར་རྒེད་འོག་ སྤྱི་ཕུག་གཡུས་ཚན་གྱི་ ཁྱིམ་གུང་༢༡ ལུ་ འཐུང་ཆུ་བཀྲམ་སྤེལ་འབད་ནིའི་ལཱ་ ལོ་༢ ཀྱི་ཧེ་མར་ མཇུག་བསྡུ་ཡོད་རུང་ ད་ལྟོའི་བར་ན་ཡང་ ཆུ་འཐེན་འཕྲུལ་ བཙུགས་མ་ཚུགས་པར་འདུག།
དེ་ཡང་ འཐུང་ཆུའི་དཀའ་ངལ་སེལ་ཐབས་ལུ་ གཞུང་གི་མ་དངུལ་རྒྱབ་སྐྱོར་ཐོག་ལས་ ས་གནས་ཀྱི་ མི་སྡེ་གིས་ སྤྱི་ལོ་༢༠༡༦ ལུ་ ཆུ་མཛོད་༢ རྐྱབ་ཡོདཔ་མ་ཚད་ གློག་མེ་མཐུད་སྦྲེལ་འབད་ཡོདཔ་མ་ཚད་ ཆུ་འཐེན་འཕྲུལ་དང་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནུག།
མི་ཚུ་གིས་ སླབ་མིའི་ནང་ གཡུས་ཚན་འོག་ལས་བབས་མི་ མོའི་ཏང་རི་ཆུ་རྐ་ལས་ ཆུ་ཡར་ལྟག་འཐེན་མི་ འཕྲུལ་ཆས་གཞི་བཙུགས་ཀྱི་དོན་ལུ་ གུང་རེ་ལས་ མི་རེ་ཐོན་ཏེ་ འཁོར་ལམ་ལྷོད་ཡོད་མི་ སྟོང་ལ་གཡུས་ཚན་ལས་ འཐེན་འཕྲུལ་འབག་བསྐྱལ་ཡི་ཟེར་ཨིན་པས།
གུང་པ་རེ་གིས་ ཉིན་གྲངས་༤༠ གི་རིང་ རྩི་ས་དང་ ཆུ་དུང་ རྡོ་ འཕྲུལ་ཆས་ ཅ་ཆས་ དེ་ལས་ གློག་མེའི་ཐགཔ་ཚུ་ སྐྱེལ་འདྲེན་འབད་བའི་ཁར་ ཆུ་མཛོད་༢ བཟོ་སྐྲུན་འབད་ཚར་ཏེ་ ལོ་༢ ལང་སོང་རུང་ རྒེད་འོག་བདག་སྐྱོང་གིས་ སྣང་མེད་སྦེ་ བཞག་མིའི་གནད་དོན་ ཧ་གོ་མ་ཚུགས་ཟེར་ མི་ཚུ་གིས་ བཤདཔ་ཨིན་པས།
རྒེད་འོག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཆུ་འཐེན་འཕྲུལ་ ལག་ལེན་འཐབ་ཤེས་མི་ འཚོལ་མ་ཐོབ་པའི་ དཀའ་ངལ་དང་ ཆུ་རྐའི་སྦོ་ལོགས་ཁར་ འཕྲུལ་ཆས་བཞག་ནིའི་དོན་ལུ་ བཟོ་སྐྲུན་འབད་མི་དེ་ ཚད་དང་ལྡནམ་སྦེ་མེད་མི་ དེ་ལས་ རྒེད་འོག་གི་ ལཱ་གཞན་ཚུ་ གིས་སྦེ་ ལུས་སོ་ཡི་ཟེར་ཨིན་པས།
ཨིན་རུང་ འཕྲལ་མགྱོགས་ར་ ཆུ་འཐེན་འཕྲུལ་དེ་ ལག་ལེན་འཐབ་ནིའི་དོན་ལས་ ལཱ་འབད་འོང་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ད་ལྟོ་ སྤྱི་ཕུག་དང་ སྒོམ་ཆུ་གཡུས་ཚན་༢ ཀྱི་ དཀའ་ངལ་སྦོམ་ཤོས་ར་ འཐུང་ཆུ་ཨིནམ་ལས་ མི་སེར་ཚུ་ ཆུ་འཐུང་ནི་དང་ འཁྱུ་ནིའི་དོན་ལུ་ ཆར་ཆུ་ལུ་བརྟེན་ སྡོདཔ་ཨིན་པས།
ལོ་བསྟར་བཞིན་དུ་ རང་ཟླ་༥ པ་ལས་༨ པ་ཚུན་ ཆརཔ་རྐྱབ་མི་དེ་ རྩི་ས་གིས་བཟོ་མི་ ཆུ་མཛོད་དང་ ཆུ་ལི་ཊར་༢,༠༠༠ ཤོང་མི་ གྱིབ་ཧོད་ཚུ་ནང་ བསགས་བཞག་ཞིནམ་ལས་ ལག་ལེན་འཐབ་ཨིན་པས།
སྐྱེས་ལོ་༢༩ ལང་མི་ རིན་ཆེན་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཉིན་བསྟར་བཞིན་དུ་ དུས་ཡུན་ཆུ་ཚོད་༤ ཚུན་ ལམ་འགྱོ་དགོ་པའི་ ཆུ་རྐ་ལས་ ཆུ་དབོག་པར་ འགྱོ་དགོཔ་ཨིན་རུང་ སྤྱི་ལོ་༢༠༠༧ ལུ་ འགོ་དཔོན་ཅིག་གིས་ ཆུ་ལི་ཊར་༢,༠༠༠ ཤོང་མི་ གྱིབ་ཧོད་བྱིན་པའི་ཁར་ སྤྱི་ལོ་༢༠༠༩ ལུ་ རྒེད་འོག་གིས་ ཆུ་མཛོད་རྐྱབ་ནིའི་དོན་ལུ་ རྩི་ས་བྱིན་ཡོདཔ་ལས་ དེ་གིས་ ཁེ་ཕན་བྱུང་སྟེ་ཡོད་ཟེར་ཨིན་པས།
ཨ་ལོ་༥ གི་ཨ་པ་ ཨྱོན་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ དུས་ཅི་ སྤྱི་ཟླ་༢ པ་ལས་འགོ་བཙུགས་ ཟླཝ་༥ པ་ཚུན་ ཟླཝ་༣ གྱི་རིང་ ཨ་རྟག་ག་ཨིནམ་སྦེ་ འཐུང་ཆུའི་དོན་ལུ་ ཆུ་དབོག་པར་ འགྱོ་དགོཔ་མ་ཚད་ གཡུས་ནོར་ཚུ་ཡང་ ཆུ་རྐ་ཚུན་ བདའ་ཞིནམ་ལས་ ཆུ་འཐུང་བཅུག་ཅི་ཟེར་ཨིན་པས།
སྤྱི་ཕུག་གཡུས་ཚན་ནང་ གུང་པ་༡༦ ཡོད་མི་ལས་༣ ལུ་ ཆུ་བཟེད་བཞག་ནིའི་ གྱིབ་ཤོག་དེ་ ལོ་༡༠ ལང་ཡོད་རུང་ རྒེད་འོག་ལས་ ད་ལྟོའི་བར་ན་ཡང་ རྒྱབ་སྐྱོར་མ་ཐོབ་མི་དེ་ སྐྱེས་ལོ་༢༨ ལང་མི་ རྡོ་རྗེ་ཚེ་རིང་དང་ བཟའ་ཚང་ཚུ་ཨིན་པས།
རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ གཡུས་ཚན་དེ་ སྒང་ཏོག་གུ་ཆགས་ཡོད་ནི་དེ་གིས་ ཉིན་བསྟར་བཞིན་དུ་ ས་སྨུག་སྤུབས་མི་དང་ ཆར་ཟམ་ཟིམ་རྐྱབ་མི་ལུ་བརྟེན་ ཁྱིམ་བཟོ་སྐྲུན་འབད་མི་གི་ ཤིང་ཆས་ཚུ་ རུལ་ཉེན་དང་ རམ་འགྱོ་བའི་ དཀའ་ངལ་སྦོམ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༤༡ ལང་མི་ རིན་ཆེན་ཚེ་རིང་གིས་ ལོ་༡ ནང་ ཟླཝ་༡ ཚུན་ ཉིམ་ཤར་ནི་ཡོད་པ་ཅིན་ དྲག་ཤོས་ཨིན་ཟེར་ བཤད་པའི་ཁར་ ཉིམ་དེ་ གནམ་དགུན་ལུ་མ་གཏོགས་ ཤར་ནི་མེད་ཟེར་ བཤདཔ་ཨིན་པས།
གཡུས་ཚན་དེ་ཡང་ རྒེད་འོག་ལྟེ་བའི་ གཞུང་ལམ་ཁར་ཡོད་མི་་ ཡུ་ད་རི་སྤྱི་འོག་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ རི་གུ་ཆགས་ཡོདཔ་ལས་ གནམ་བྱཱར་གྱི་དུས་ཚོད་ནང་ ཁྱིམ་ཚང་གི་ཁྱིམ་ཚུ་ ཉེ་འདབས་ལུ་ཡོད་རུང་ ཆརཔ་ཟམ་ཟིམ་རྐྱབ་མི་དང་ ས་སྨུག་སྤུབས་ཡོདཔ་ལས་ གཅིག་གི་གཅིག་ལུ་ མཐོང་མི་ཚུགས་པས།
ཁྱིམ་དང་ཞིང་ཚུ་ གྱེན་གཟར་དྲགས་དང་ ས་སྤོ་ཏོག་གུ་ཆགས་མིའི་ནང་ སོ་ནམ་པ་ཚུ་གིས་ འཚོ་བ་གེ་ཟ་དང་ ཀེ་བ་འཛུགས་སྐྱོང་འབདཝ་མ་ཚད་ གཡུས་ནོར་དང་ ཇར་སི་ཚུ་ གསོ་སྐྱོང་འབདཝ་ཨིན་རུང་ སའི་ཆགས་ཚུལ་ལུ་བརྟེན་ སོ་ནམ་གྱི་ལཱ་ རྒྱ་ཆེཝ་སྦེ་ འབད་མི་ཚུགས་དོ་ཨིན་པས།
རིན་ཆེན་ཚེ་རིང་གིས་ སླབ་མིའི་ནང་ མི་སེར་ཚུ་ལུ་ ས་ཞིང་ཡང་ལངམ་སྦེ་ མེད་པའི་ཁར་ འཐུང་ཆུའི་དཀའ་ངལ་དང་ གནམ་གཤིས་གནས་སྟངས་ཀྱི་ དཀའ་ངལ་ཡོདཔ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ གཞིས་གསར་གྱི་ སྐྱིད་སྡུག་ཞུ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒེད་འོག་ནང་ཡང་ ཆུ་ལངམ་སྦེ་མེདཔ་ལས་ སྤྱི་ལོ་༢༠༡༧ ལུ་ ཆུ་འཐེན་འཕྲུལ་གཞི་བཙུགས་འབད་མི་གིས་ འབྲིང་རིམ་སློབ་གྲྭ་འོག་མ་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཡིག་ཚང་ སྨན་ཁང་ རྒེད་འོག་བདག་སྐྱོང་ དེ་ལས་ རྒེད་འོག་ཉེ་འདབས་ཀྱི་ མི་སེར་ཚུ་ལུ་ འཐུང་ཆུ་བཀྲམ་སྤེལ་འབད་དེ་འདུག།
རྒེད་འོག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒེད་འོག་གི་ སྤྱི་འོག་ག་རའི་ནང་ གནམ་དགུན་ལུ་ འཐུང་ཆུ་རྐ་སྐམ་དོ་ཡོད་རུང་གནམ་བྱཱར་ལུ་ ཆུ་འཐོན་དོ་ཡོདཔ་ལས་ འཐུང་ཆུའི་དཀའ་ངལ་མེད་རུང་ ནཱན་ད་རི་སྤྱི་འོག་ སྤྱི་ཕུག་དང་ སྟོང་ལ་སྤྱི་འོག་གི་ གུང་པ་༣༠ དེ་ཅིག་ རི་གུ་ཆགས་ཡོདཔ་ལས་ འཐུང་ཆུའི་དཀའ་ངལ་སྦོམ་སྦེ་ར་ཡོད་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ནང་ རྒེད་འོག་༡༧ ཡོད་མི་ལས་ འཐུང་ཆུའི་དཀའ་ངལ་ཚབས་ཆེན་དེ་ར་ སྐྱེངས་མཁར་དང་ འགྱུར་མེད་རྒེད་འོག་གཉིས་ནང་ ཡོདཔ་ཨིན་པའི་གནས་ཚུལ།

སྤྱི་ཕུག་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *