སྤྱང་ཁྱིའི་གྱངས་ཁ་ ཡུན་བརྟན་ཐོག་ དམ་འཛིན་འབད་དགོཔ།

༉ ད་ཚུན་གྱི་བར་ན་ འབྲུག་གིས་ རོ་ཁྱིའི་གྱངས་ཁ་ ཚད་འཛིན་ཐོག་བཞག་པའི་ ངོས་འཛིན་ལུ་ རྒྱལ་སྤྱིའི་གཟེངས་བསྟོད་རྟགས་མ་ཚར་གཉིས་ཐོབ་ཡོདཔ་ད་ གནས་ཐོ་ཚུ་ལུ་ བལྟ་བ་ཅིན་ ང་བཅས་ཀྱིས་ རོ་ཁྱིའི་གྱངས་ཁ་ དམ་འཛིན་འབད་ཚུགས་མི་དེ་ཡང་ ཤ་བཏོག་ལས་རིམ་ རྒྱ་ཆེཝ་སྦེ་ འགོ་འདྲེན་འཐབ་ནི་དེ་གིས་ཨིན་མས།

མ་གཞི་ ལས་རིམ་དེ་ མཐར་འཁྱོལ་བྱུང་ཡོད་རུང་ རྒྱལ་ཁབ་ནང་ རོ་ཁྱི་དང་འབྲེལ་བའི་ གནས་སྟངས་ངོ་མ་ ག་དེ་སྦེ་ཡོདཔ་ཨིན་ན་ ཧ་གོ་དགོཔ་ ཡོད་མི་དེ་ཡང་ རྒྱལ་ཁབ་ཀྱི་ ཁྲོམ་སྡེ་ལ་ལོ་ཅིག་ནང་ འཇིགས་སྣང་ཅན་གྱི་ གནས་སྟངས་ཅིག་ལུ་གྱུར་ཏེ་ དཀའ་ངལ་སེལ་དགོཔ་ཡོད་ནི་དེ་གིས་ ཨིན་མས།

ད་རེས་ནངས་པར་ སྤྱང་ཁྱི་ཚུ་གིས་ ལྟ་བཤལཔ་དང་ དྲོ་པར་ མཆོད་རྟེན་བསྐོར་ར་རྐྱབ་ནི་དང་ ལུས་སྦྱོང་འབད་བར་ འགྱོ་མི་ཚུ་ལུ་ སོ་བཏབ་པའི་ ལོ་རྒྱུས་ག་དོ་ཡོདཔ་ད་ མ་གཞི་ འཆོལ་ནད་བཀག་ནི་དང་ རོ་ཁྱིའི་གྱངས་ཁ་ དམ་འཛིན་འབད་ནི་དེ་ གནད་དོན་སོ་སོར་ཨིན་རུང་ དེ་གཉིས་འབྲེལ་གནད་སྦོམ་ཡོདཔ་ལས་ གཉིས་ཆ་ར་ལུ་ གཙོ་རིམ་བཟུང་ནི་དེ་ཁག་ཆེ།

ཕུན་ཚོགས་གླིང་ལུ་ སྤྱང་ཁྱི་ཚུ་གིས་ རྟ་ཚུ་ལུ་ སོ་བཏབ་པའི་ ཉོགས་བཤད་བཀོདཔ་མ་ཚད་ བུམ་ཐང་ལྕམ་མཁར་ཁྲོམ་ནང་ སྤྱང་ཁྱི་སྡེ་ཚན་སྦེ་ མི་ཚུ་ལུ་ སོ་བཏབ་པར་ འོང་དོ་ཡོདཔ་ལས་ འཇིགས་སྣང་ཅན་གྱི་ གནས་སྟངས་ལུ་ གྱུར་ཡོདཔ་མ་ཚད་ ཆུ་སྨད་ལུ་ རོ་ཁྱི་ཚུ་གིས་ ལུག་ཅིག་བསད་དེ་ཟ་ནུག་ཟེར་ཨིན་པས།

སྤྱང་ཁྱི་གིས་ སོ་བཏབ་མི་ ཉམས་རྒུད་པ་ཚུ་ལུ་ ནད་བཀག་སྨན་ཁབ་རྐྱབ་ནི་དང་ རོ་ཁྱིའི་གྱངས་ཁ་ བཀག་འཛིན་འབད་ནིའི་ ལས་རིམ་ཚུ་ནང་ རྒྱལ་ཁམས་ཀྱིས་ ལོ་བསྟར་བཞིན་དུ་ མ་དངུལ་ས་ཡ་ལས་བཅད་དེ་ ཟད་འགྲོ་བཏང་དོ་ཡོདཔ་ད་ འདས་པའི་ལོ་༣ གྱི་ནང་ གཞུང་གིས་ འཆོལ་ནད་བཀག་ཐབས་དང་ རྩ་སྐུམ་དང་འབྲེལ་བའི་ ལྐོད་ནད་སྨན་ཁབ་ཚུ་ནང་ དངུལ་ཀྲམ་ས་ཡ་༣ དེ་ཅིག་ ཟད་འགྲོ་བཏང་ནུག།

ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་བཞག་མི་ ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༣ ལུ་ རོ་ཁྱི་གིས་ སོ་བཏབ་མི་དང་ ཀྲེག་རྨ་བཏོན་མི་ ཉམས་རྒུདཔ་༡,༨༢༠ ལུ་ འཆོལ་ནད་དང་ རྩ་སྐུམ་ལྐོད་ནད་ཀྱི་ སྨན་ཁབ་རྐྱབ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༤ ལུ་ མི་གྲངས་༡,༦༠༠ ལྷགཔ་ཅིག་དང་ སྤྱི་ལོ་༢༠༡༥ ལུ་ རོ་ཁྱི་གིས་ སོ་བཏབ་མི་༢,༠༩༠ ལུ་ སྨན་ཁབ་རྐྱབ་མི་ལུ་ བལྟ་བ་ཅིན་ རྒྱལ་ཁབ་ནང་ རོ་ཁྱིའི་གྱངས་ཁ་ ཡར་འཕར་འགྱོ་བའི་ བརྡ་མཚོན་སྟོནམ་མས།

སྤྱི་ལོ་༢༠༡༥ ཟླ་༥ པའི་ནང་ རྒྱལ་ཡོངས་རོ་ཁྱི་བརྟག་ཞིབ་ཅིག་ འགོ་འདྲེན་འཐབ་ད་ རྒྱལ་ཁབ་ནང་ རོ་ཁྱི་བསྡོམས་༧༣,༡༢༤ ལྷགཔ་ཅིག་ཡོད་མི་ལས་༤༣,༠༠༠ དེ་ཅིག་ སྤྱང་ཁྱི་ཨིན་པའི་ ངོས་འཛིན་བྱུང་པའི་ཁར་ སོ་བཏབ་པའི་ གནད་དོན་མང་ཤོས་ར་ སྤྱང་ཁྱི་ཚུ་ལུ་བརྟེན་ བྱུང་ནུག་ཟེར་ཨིན་མས།

དུས་ཅི་ སྤྱི་ཟླ་༦ པ་ཚུན་ཚོད་ ཐིམ་ཕུག་རྐྱངམ་གཅིག་གི་ནང་ར་ རོ་ཁྱི་ཚུ་གིས་ མི་གྲངས་༡,༤༨༤ ལུ་ སོ་བཏབ་མི་དེ་ རྩིས་བཏོན་ལྟཝ་ད་ ཉིན་བསྟར་བཞིན་དུ་ མི་༨ དེ་ཅིག་ལུ་ སོ་བཏབ་ནུག། རོ་ཁྱི་༧༠,༠༠༠ དེ་ཅིག་ལུ་ སྨན་ཁབ་རྐྱབ་ནི་དང་ ཤ་བཏོག་ནིའི་ནང་ རྒྱལ་ཁམས་ཀྱིས་ དངུལ་ཀྲམ་ས་ཡ་༤༥ དེ་ཅིག་ ཟད་འགྲོ་བཏང་དགོཔ་བྱུང་ནུག།

རོ་ཁྱིའི་གྱངས་ཁ་ ཚད་འཛིན་ཐོག་ བཞག་ནི་དེ་ གདོང་ལེན་ཅན་ཅིག་ཨིན་མི་དེ་ཡང་ རོ་ཁྱི་བཟུང་སྟེ་ ས་ཁོངས་སོ་སོར་ནང་ བཞག་ནི་གི་ ལས་རིམ་དེ་ མཐར་འཁྱོལ་བྱུང་མ་ཚུགས་པའི་ཁར་ དུག་བྱིན་ནི་དང་ བསད་ནི་དེ་ཡང་ ནང་པ་སངས་རྒྱས་པའི་ ཆོས་དང་རྒྱབ་འགལ་འགྱོ་མི་ལུ་བརྟེན་ སྨན་ཁབ་རྐྱབ་ནི་དང་ ཤ་བཏོག་ནི་གི་ ལས་རིམ་རྐྱངམ་གཅིག་ལུ་ གཙོ་བོར་བཟུངམ་ཨིན་མས།

ད་ཚུན་གྱི་བར་ན་ རོ་ཁྱིའི་ཤ་བཏོག་ལས་རིམ་ འགོ་འདྲེན་འཐབ་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་མ་ཚད་ སྙིང་རྗེ་དང་ བྱམས་སེམས་ཀྱི་སྒོ་ལས་ རོ་ཁྱིའི་གྱངས་ཁ་ དམ་འཛིན་འབད་ནི་དེ་ ཕན་ནུས་ཆེཝ་ཨིན་རུང་ ང་བཅས་ཀྱིས་ ལས་རིམ་ཚར་ཅིག་ འགོ་འདྲེན་འཐབ་ཞིནམ་ལས་ མཚམས་འཇོག་འབད་དེ་ བཞག་མི་ལུ་བརྟེན་ རོ་ཁྱི་ཡར་འཕར་འགྱོཝ་ཨིན་མས།

འབྲུག་ལུ་ སྤྱི་ལོ་༢༠༢༠ ལས་ རོ་ཁྱི་དང་འབྲེལ་བའི་ འཆོལ་ནད་མེད་པའི་ རྒྱལ་ཁབ་ཅིག་སྦེ་ བཟོ་དགོ་པ་ཅིན་ ཤ་བཏོག་ནིའི་ ལས་རིམ་དེ་ ཡུན་བརྟན་སྦེ་ ལག་ལེན་འཐབ་དགོཔ་ཨིན་རུང་ འདི་བཟུམ་འགོ་འདྲེན་འཐབ་སར་ མི་མཐོངམ་མས་ཟེར་ ཞུ་ནི་ཨིན།

About admin

Check Also

འབྲུག་པཱན་ཇབ་དངུལ་ཁང་གི་ ལས་བྱེདཔ་ཅིག་ལུ་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་ཕོག་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ འབྲུག་པཱན་ཇབ་དངུལ་ཁང་གི་ དངུལ་བཏོན་འཕྲུལ་ཆས་ཨེ་ཊི་ཨེམ་གྱི་ ལཱ་འབད་མི་ འཕྲིན་ལས་རྒྱ་མཚོ་གིས་ ཐིམ་ཕུག་ཁྲོམ་ལུ་ཡོད་པའི་ དངུལ་ཁང་གི་ ཨེ་ཊི་ཨེམ་༩ དེ་ཅིག་ལས་ དངུལ་ཀྲམ་ས་ཡ་༡༠ ལྷགཔ་ཅིག་ ཚུལ་མིན་སྒེར་སྤྱོད་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་ …

Leave a Reply

Your email address will not be published. Required fields are marked *