སྤོག་འགྱོ་མི་ བསམ་རྩེ་དང་ བརྟན་འབྲེག་བར་ནའི་གཞུང་ལམ།

ནདཔ་སྐྱེལ་ལེན་འབད་མི་ སྣུམ་འཁོར་ཨེམ་བུ་ལེནསི་དེ་ རྫོང་ཁག་དང་ མཐའ་ཟུར་ས་གནས་ཚུ་ནང་ལས་ ནདཔ་ཚབས་ཆེན་ཚུ་ སྨན་ཁང་ཆེ་བའི་ནང་ བསྐྱལ་ནིའི་དོན་ལུ་ ཁག་ཆེ་བའི་མཐུན་རྐྱེན་ཅིག་ཨིནམ་ད་ ན་ཧིང་ སྣུམ་འཁོར་ཚུ་གིས་ ནདཔ་༣,༢༦༨ དེ་ཅིག་ སྨན་ཁང་ཆེ་བ་ཚུ་ནང་ བསྐྱལ་ཡོདཔ་ཨིན་རུང་ སྣུམ་འཁོར་ཚུ་ མེདཔ་ཐལ་བའི་སྐབས་ དུས་ཚོད་ཁར་ བཅོ་མ་ཚུགས་ནི་དེ་གིས་ ནདཔ་ཚུ་ཤི་རྐྱེན་འབྱུང་ནིའི་ ཉེན་ཁ་ཡང་ ཡོདཔ་ཨིན་པས།

དེའི་སྐོར་ལས་ ད་རིས་ཀྱི་བདུན་མཐའ་ལུ་ མཇུག་བསྡུ་མི་ གསོ་བའི་ལྷན་ཁག་གི་ ལོ་ཟུང་གསོ་བའི་ཞལ་འཛོམས་ནང་ གྲོས་བསྟུན་འབད་ཡོདཔ་ད་ བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ ནདཔ་སྐྱེལ་མི་ སྣུམ་འཁོར་ཚུ་གིས་ ནདཔ་ཚབས་ཆེན་ཚུ་ སྨན་ཁང་ཆེ་བ་ཚུ་ནང་ བསྐྱལ་མ་ཚུགས་པའི་དཀའ་ངལ་ཐོནམ་ལས་ ནདཔ་ཚུ་ ཤི་རྐྱེན་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།

དེ་བཟུམ་གྱི་ དཀའ་ངལ་ཐོན་མི་དེ་ ནདཔ་སྐྱེལ་སྣུམ་འཁོར་༡༡༨ ཡོད་མི་ག་ར་ ཊོ་ཡོ་ཊ་སྣུམ་འཁོར་ལས་སྡེ་གིས་ བཟོ་སྐྲུན་འབད་མི་ཚུ་ཨིནམ་ལས་ རྫོང་ཁག་རེ་གཉིས་ནང་མ་གཏོགས་ མང་ཤོས་ཅིག་ནང་ སྣུམ་འཁོར་བཅོ་ཁང་མེད་པའི་ དཀའ་ངལ་ཡོདཔ་ལས་ འཕྲལ་འཕྲལ་སྣུམ་འཁོར་དེ་ ལེགས་ཤོམ་མེད་རུང་ ནདཔ་སྐྱེལ་དགོཔ་ཐོན་དོ་ཡོདཔ་ཨིན་པས།

གློ་བུར་གསོ་བའི་ཞབས་ཏོག་ལས་ཁུངས་ཀྱི་ ལས་རིམ་གཙོ་འཛིན་ རྒྱ་མཚོ་གིས་ སླབ་མིའི་ནང་ དཀའ་ངལ་དེ་ གདོང་ལེན་འབད་ནིའི་དོན་ལུ་ གསོ་བ་ལྷན་ཁག་གིས་ འབྲུག་ཚོང་འབྲེལ་ལས་འཛིན་དང་གཅིག་ཁར་ བསྟུན་གྲོས་འབད་ཐོག་ལས་ ལུང་ཕྱོགས་ཚུ་ནང་ ཊོ་ཡོ་ཊ་སྣུམ་འཁོར་བཅོ་ཁང་ གཞི་བཙུགས་དགོ་པའི་གྲོས་བསྟུན་འབད་ནི་ཟེར་ཨིན་པས།

ད་རེས་ ཊོ་ཡོ་ཊ་སྣུམ་འཁོར་བཅོ་མི་དང་ དེའི་ཅ་ཆས་བཀྲམ་སྤེལ་འབད་མི་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ བསམ་གྲུབ་ལྗོངས་མཁར་ དགེ་ལེགས་ཕུག་ སྤ་རོ་ལ་སོགས་པའི་ས་གནས་ཚུ་ནང་མ་གཏོགས་ རྫོང་ཁག་མང་ཤོས་ཅིག་ནང་མེདཔ་ད་ ནདཔ་འབག་འོང་པའི་སྐབས་ སྣུམ་འཁོར་ལུ་ སྐྱོན་དུམ་གྲ་རེ་ཕོག་རུང་ ཐབས་ཤེས་མེད་པར་ བདའ་འོང་དགོཔ་ཐོན་དོ་ཡོདཔ་ཨིན་པས།

ལས་རིམ་གཙོ་འཛིན་རྒྱ་མཚོ་གིས་ སླབ་མིའི་ནང་ ནདཔ་ཚུ་གི་སྲོག་དེ་ ནདཔ་སྐྱེལ་སྣུམ་འཁོར་ཚུ་ལུ་ རག་ལས་དོ་ཡོདཔ་ལས་ དེ་བཟུམ་གྱི་དཀའ་ངལ་དེ་ འཕྲལ་ར་སེལ་དགོཔ་ཁག་ཆེ་བས་ཟེར་ཨིནམ་ད་ སྣུམ་འཁོར་ལ་ལོ་ཅིག་ ལེགས་ཤོམ་སྦེ་ལཱ་འབད་མ་བཏུབ་ནི་དེ་གིས་ ཐུག་རྐྱེན་ཡང་ བྱུང་དོ་ཡོདཔ་ཨིན་པས།

དཀའ་ངལ་གཞན་ཡང་ སྣུམ་འཁོར་མེདཔ་ཐལ་བའི་སྐབས་ ཅ་ཆས་གསརཔ་བཙུགས་ནི་དང་ བཅོ་ནིའི་དོན་ལུ་ གཞུང་ལས་མ་དངུལ་ དུས་ཚོད་ཁར་ མ་ཐོབ་མི་དེ་ཨིནམ་ད་ རྫོང་ཁག་གི་གནས་རིམ་ལས་ བཅའ་མར་གཏོགས་མི་ གསོ་བའི་འགོ་དཔོན་ཚུ་གིས་ ཞལ་འཛོམས་སྐབས་ཞུ་མིའི་ནང་ གཞུང་གིས་ མ་དངུལ་དུས་ཚོད་ཁར་ མ་གནང་པའི་སྐབས་ ནདཔ་སྐྱེལ་འདྲེན་འབད་ནི་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།

དེའི་ལན་ལུ་ ལས་རིམ་གཙོ་འཛིན་ རྒྱ་མཚོ་གིས་འབད་བ་ཅིན་ དངུལ་རྩིས་ལྷན་ཁག་གི་ རེ་བ་ལས་འབད་བ་ཅིན་ སྣུམ་འཁོར་བཅོ་བ་ཅིན་ ཅ་ཆས་མེདཔ་ཐལ་མི་དང་ དེ་ལུ་གོང་ཚད་ ག་དེམ་ཅིག་གནས་ནི་ཨིན་ན་ ཁ་གསལ་སྦེ་བཀོད་དགོ་ཟེར་ཨིནམ་ལས་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ སྣུམ་འཁོར་བཅོ་ནིའི་དོན་ལུ་ མ་དངུལ་གྱི་ གྲོས་གཞི་བཙུགས་པའི་སྐབས་ གནད་དོན་ཚུ་ཁ་གསལ་སྦེ་ བཙུགས་དགོཔ་ཁག་ཆེ་བས་ཟེར་ཨིན་པས།

མ་གཞི་ གཞུང་གི་ལམ་ལུགས་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༤ ལུ་ མཁོ་སྒྲུབ་འབད་མི་ ནདཔ་སྐྱེལ་སྣུམ་འཁོར་རེ་གིས་ ལོ་རེ་ལུ་ མར་ཁུ་དང་ བཅོ་ཁ་རྐྱབ་ནིའི་ཟད་འགྲོ་ དངུལ་ཀྲམ་༢༤༠,༠༠༠ དང་ སྤྱི་ལོ་༢༠༡༥ ལུ་ མཁོ་སྒྲུབ་འབད་མི་རེ་གིས་ དངུལ་ཀྲམ་༡༩༤,༠༠༠ དེ་ལས་ སྤྱི་ལོ་༢༠༡༦ ལུ་ མཁོ་སྒྲུབ་འབད་མི་ སྣུམ་འཁོར་རེ་གིས་ དངུལ་ཀྲམ་༡༩༡,༠༠༠ ཐོབ་དོ་ཡོདཔ་ཨིན་རུང་ དེ་ཚུ་ དུས་ཚོད་ཁར་ མ་ཐོབ་པའི་དཀའ་ངལ་ཡོདཔ་ཨིན་པས།

དེ་འབདཝ་ལས་ ནདཔ་སྐྱེལ་ལེན་སྣུམ་འཁོར་ ཐུག་རྐྱེན་བྱུང་མིའི་དཀའ་ངལ་ཡང་ ཡར་སེང་འགྱོཝ་མས་ཟེར་ཨིནམ་ད་ དུས་ཅི་ ནདཔ་སྐྱེལ་སྣུམ་འཁོར་༣ དང་ ན་ཧིང་༢ ཐུག་རྐྱེན་བྱུང་ཡོདཔ་ད་ འགོ་དཔོན་ལ་ལོ་ཅིག་གིས་འབད་བ་ཅིན་ ཐུག་རྐྱེན་བྱུང་མིའི་ རྒྱུ་རྐྱེན་གཞན་ དེད་གཡོགཔ་ཚུ་གིས་ སྨྱོ་རྫས་དང་ ཆང་ལག་ལེན་འཐབ་ནི་དེ་གིས་ ཨིན་ཟེར་བཤད་ཅི།

གསོ་བའི་དྲུང་ཆེན་ ཌོག་ཊར་ ཨོ་རྒྱན་རྡོ་ཕུག་ཚེ་རིང་གིས་ སླབ་མིའི་ནང་ སྨན་ཁང་གི་འགོ་དཔོན་ཚུ་གིས་ ནདཔ་སྐྱེལ་མི་ སྣུམ་འཁོར་གྱི་ དེད་གཡོགཔ་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིནམ་ད་ དེ་ཡང་ མང་ཤོས་ཅིག་ ཆང་འཐུང་མི་དང་ སྨྱོ་རྫས་ལག་ལེན་འཐབ་ཐོག་ལས་ སྣུམ་འཁོར་ལེགས་ཤོམ་སྦེ་ བཏང་མ་བཏུབ་པའི་དཀའ་ངལ་འདུག་ཟེར་ཨིན་པས།

དེ་བཟུམ་གྱི་དཀའ་ངལ་ སེལ་ནིའི་དོན་ལུ་ འཕྲལ་ར་དེད་གཡོགཔ་ཚུ་ སྨྱོ་རྫས་དང་ ཆང་གི་བརྟག་དཔྱད་འབད་ནི་ཨིནམ་ད་ གལ་སྲིད་ ལག་ལེན་འཐབ་ཡོད་པའི་ ངོས་འཛིན་འབྱུང་པ་ཅིན་ གཞུང་འབྲེལ་གྱི་ གདོང་ལེན་འབད་ནི་ཨིནམ་མ་ཚད་ མི་ཚུ་ལེགས་བཅོས་འབད་ནིའི་དོན་ལུ་ མི་ཚེ་བསྐྱར་གསོ་ལྟེ་བའི་ནང་ གཏང་ནི་ཨིན་ཟེར་ཨིན་པས།

དྲུང་ཆེན་གྱིས་ བཅའ་མར་གཏོགས་མི་ཚུ་ལུ་ དྲན་གསོ་འབད་མིའི་ནང་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ནདཔ་སྐྱེལ་མི་ སྣུམ་འཁོར་ལག་ལེན་གྱི་ སྒྲིག་གཞི་དེ་ ལེགས་ཤོམ་སྦེ་ བསྟར་སྤྱོད་འབད་དགོ་ཟེར་ཨིནམ་ད་ དེ་ནང་ དེད་གཡོགཔ་གིས་ འབད་བཏུབ་དང་ མ་བཏུབ་ཚུ་ག་ར་ འཁོད་དེ་ཡོདཔ་ལས་ གལ་སྲིད་ དེ་ལུ་གནས་མ་ཚུགས་པ་ཅིན་ སྒྲིག་གཞི་དང་བསྟུན་ ཉེས་བྱ་ཡང་ བཀལ་དགོ་ཟེར་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *