ཐིམ་འོང་མི་ རི་གི་རྩ་བར་ ས་ཁོངས་རྒྱུན་བརྟན་བཟོ་ནིའི་ ཐབས་ལམ་བཏོན་ཡོད་པའི་མཐོང་སྣང་།

སྤུ་ན་གཙང་ཆུ་ལས་འགུལ་དང་པའི་ནང་ རི་ཐིམ་འོང་པའི་ གདོང་ལེན་བྱུང་བཞིན་དུ་ཡོདཔ།

༉ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དང་པའི་ནང་ སྤྱི་ལོ་༢༠༡༣ ལས་འགོ་བཙུགས་ ཆུ་རྫིང་རྐྱབ་སར་ གཙང་ཆུའི་གཡས་ཕྱོགས་ཀྱི་རི་ གཙང་ཆུའི་ཁ་ཐུག་ལུ་ ཐིམ་འོང་མིའི་ དཀའ་ངལ་སེལ་ནི་གི་ ཐབས་ལམ་ཚུ་ ད་ལྟོའི་བར་ན་ཡང་ བཏོན་པའི་བསྒང་འདུག།
ད་ལྟོའི་གནས་སྟངས་ནང་ ལས་བྱེདཔ་ཚུ་གིས་ གཙང་ཆུའི་གཡོན་ཕྱོགས་ལུ་ཡོད་པའི་ ཆུ་རྫིང་ནང་ལས་སྦེ་ གློག་མེ་འཕྲུལ་ཁང་ནང་ ཆུ་འགྱོ་སའི་སྒོ་ར་དང་ གཡས་ཕྱོགས་ཀྱི་ རི་བརྟན་ཏོག་ཏོ་བཟོ་ནིའི་ལཱ་ཚུ་ འབདཝ་ཨིན་པས།
དེ་བཟུམ་སྦེ་ ཆུ་རྫིང་རྐྱབ་སར་ ས་བརྐོ་ནིའི་ལཱ་ ད་རེས་ མཚམས་འཇོག་འབད་དེ་ བཞག་ཡོདཔ་ལས་ ཆར་ཆུའི་དུས་ཚོད་ རྫོགསཔ་ད་ ལོག་འགོ་བཙུགས་ནི་ཨིན་པས།
ས་ཁོངས་ནང་ཡོད་མི་ སྤུ་ན་གཙང་ཆུ་ལས་འགུལ་གྱི་ བཟོ་རིག་འགོ་དཔོན་གཙོ་འཛིན་ ཇེ་ཨེསི་ བཱཇི་བཱ་གིས་ བཤད་མིའི་ནང་ གཙང་ཆུའི་གཡས་ཕྱོགས་ཀྱི་རི་དེ་ ད་ལྟོའི་བར་ན་ཡང་ གཙང་ཆུ་བལྟ་སྟེ་ ཐིམ་འོང་བཞིན་དུ་ཡོདཔ་ལས་ ཐབས་ལམ་སྣ་ཚོགས་བཏོན་ཐོག་ལས་ མ་འོངས་ཡུན་བརྟན་གྱི་དོན་ལུ་ ལཱ་འབད་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ དཀའ་ངལ་བྱུང་དགོ་མི་དེ་ཡང་ གཙོ་བོ་ར་ གཙང་ཆུའི་གཡས་ཕྱོགས་ཀྱི་ རི་དེ་གི་ནང་ན་ རྡོ་སྒྲིང་སྒྲི་མེད་པའི་ ཆ་ཤས་ལེ་ཤ་ཅིག་ར་ ཡོདཔ་བཞིན་དུ་ ཆུ་མཛོད་ཀྱི་དོན་ལུ་ རི་གི་རྩ་བ་ལས་ བཏོག་བཏང་མི་ལུ་བརྟེན་ དེ་གི་ལྟག་ལས་ཕར་ཡོད་པའི་ རི་གི་རྡོ་ཚུ་ འགྲོས་ཀྱིས་བཏང་ གཙང་ཆུ་ཁ་ཐུག་ ཐིམ་འོངམ་ཨིན་མས་ཟེར་ཨིན་པས།
རི་ཐིམ་འོང་བའི་ དཀའ་ངལ་དེ་ཡང་ སྤྱི་ལོ་༢༠༡༣ ལས་འགོ་བཙུགས་ བྱུང་པའི་ཤུལ་ལས་ དམ་སྒྲིང་བཟོ་ནིའི་ཐབས་ལམ་ ལེ་ཤ་ཅིག་ར་ བཏོན་ཏེ་ཡོདཔ་ད་ དེ་གི་སྐབས་ལུ་ ཐབས་ལམ་དང་པ་དེ་ནང་ ཐོག་ཁར་ཡོད་པའི་རྡོ་ཚུ་ དེ་གི་འོག་ལུ་ཡོད་མི་ རྡོ་སྒྲིང་སྒྲི་ཚུ་གུ་ ལྕགས་དུམ་བཙུགས་ཏེ་ སྦྱར་ནིའི་ལཱ་ འབད་ཡོདཔ་མ་ཚད་ སྒྲིང་སྒྲི་མེད་པའི་ ས་འོག་གི་རྡོ་དང་ ས་ཚུ་ནང་ ཕྱི་ཁར་ལས་སྦེ་ རྩི་ས་ལག་ལེན་འཐབ་སྟེ་ བཙུགས་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཀེ་བཱལ་ཨེང་ཀོ་རིང་ཟེར་ ལྕགས་ཐག་གི་དུམ་ཚུ་ མི་ཊར་༩༠ དེ་རེ་གི་ སའི་ནང་ན་ དོང་སྤེད་ཐོག་ལས་བཙུགས་ཏེ་ སྒྲིང་སྒྲི་མེད་པའི་ སའི་བང་རིམ་བརྒལ་ཏེ་ རྡོ་ས་ཀྲག་ཚུ་གུ་ མི་ཊར་༡༠ རེ་སྦེ་ བཙུགས་ནིའི་ལཱ་ འབད་ཡོདཔ་ད་ ད་རེས་ཀྱི་བར་ན་ཡང་ འབད་བཞིན་དུ་འདུག།
ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཨར་ཨེན་ ཁ་ཟཱན་ཅི་གིས་ སླབ་མིའི་ནང་ དཀའ་ངལ་དེ་ཡང་ ཆུ་རྫིང་གི་ས་ཁོངས་ ཧེ་མའི་བཟོ་བཀོད་ནང་ བཀོད་མི་ལས་ སྤོ་བཤུད་འབད་བའི་ཤུལ་ལུ་ བྱུང་ཡོདཔ་ད་ སྤོ་བཤུད་འབད་དགོ་མི་དེ་ཡང་ གཙོ་བོ་ར་ གློག་མེའི་ཐོན་ཤུགས་ ཡར་སེང་འབད་ཐབས་ལུ་ གྲོས་སྟོན་པ་ཚུ་གིས་ སླབ་མི་དང་འཁྲིལ་ཏེ་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་འགུལ་གྱི་ གྲོས་སྟོན་པ་དང་ ནོར་ཝེ་གི་ གྲོས་སྟོན་ལས་སྡེ་༢ ཀྱིས་ ས་ཁོངས་ནང་ དབྱེ་ཞིབ་འབད་ཡོདཔ་བཞིན་དུ་ བདུན་ཕྲག་༢ དེ་ཅིག་ནང་ བཟོ་བཀོད་ཚུ་ མཐའ་བཅད་བཟོ་སྟེ་ ལྷོད་ནིའི་རེ་བ་ བསྐྱེད་དོ་ཟེར་ཨིན་པས།
སྤུ་ན་གཙང་ཆུ་དང་པ་གིས་ གློག་ཤུགས་མེ་ག་ཝཱཊ་༡,༢༠༠ ཐོན་བསྐྱེད་འབད་ནི་དང་ ལས་འགུལ་དེ་ཡང་ སྤྱི་ལོ་༢༠༢༢ ལུ་ མཇུག་བསྡུ་ནི་གི་ ལས་འཆར་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *