སྤུ་ན་ཁ་ལུ་ པཱན་གྲུ་བཏང་མི་ ལྟ་བཤལཔ་ཚུ་གིས་ ཆུ་བྱ་ཕོཝ་དཀར་ཚུ་ལུ་ བར་ཆད་རྐྱབ་དོ་ཡོདཔ་ཨིན་མས།

སྤུ་ན་ཁ་ ཕོ་ཆུའི་མཐའམ་བདའ་སྟེ་ ཆུ་བྱ་ཕོཝ་དཀར་ ཕུད་རྡོག་༡ ཡོད་མི་དེ་ ཡལ་འགྱོ་ནིའི་ཚ་གྱང་།

འདས་པའི་ལོ་ཚུ་ནང་འབད་བ་ཅིན་ སྤུ་ན་ཁ་ ཕོ་ཆུ་དང་མོ་ཆུའི་ མཐའམ་བདའ་སྟེ་ ཆུ་བྱ་ཕོཝ་དཀར་ཚུ་ འཁྱམས་སྡོད་སར་མཐོང་མི་དེ་ཡང་ བཟོ་སྐྲུན་དང་འབྲེལ་བའི་ལས་སྣ་ཚུ་ ག་ནི་ཡང་མེད་པར་ སྐྱིད་ཏོང་ཏོ་སྦེ་ ཡོད་ནི་དེ་གིས་ཨིན་པས།

རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ གཞུང་དང་མཉམ་འབྲེལ་ཐོག་ལས་ སྤྱི་ལོ་༢༠༡༤ གི་ཟླཝ་༤ པའི་ཚེས་༨ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བཀའ་རྒྱ་ལྟར་དུ་ ཕོ་ཆུའི་མཐའམ་བདའ་སྟེ་ ས་གནས་ཚེ་ཁ་ལས་ རྒྱ་ར་ཚུན་ ཆུ་བྱ་ཕོཝ་དཀར་ཚུ་ གཟནམ་འཚོལ་བཟའ་ས་དང་ འཁྱམས་སའི་ས་ཁོངས་ གཙོ་ཅན་ཅིག་འབདཝ་ལས་ ཉམས་སྲུང་གི་ས་གནས་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

ཨིན་རུང་ ད་རེས་ནངས་པ་ ཆུ་བྱ་ཕོཝ་དཀར་འཁྱམས་ས་དང་ གཟནམ་འཚོལ་སའི་ས་ཁོངས་ནང་ལས་ཕར་ ལྟ་བཤལ་དང་འབྲེལ་བའི་ལས་སྣ་ལུ་བརྟེན་ བྱ་དེ་དཀྲོགས་དོ་ཡོདཔ་ལས་ ས་གནས་ནང་ལུ་ ཧེ་མ་ མཐོང་ཚུལ་ཡོད་པའི་བྱ་དེ་ མེདཔ་འགྱོ་ནིའི་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།

ཆུ་བྱ་ཕོཝ་དཀར་དེ་ ཕོ་ཆུ་དང་མོ་ཆུ་ སྤུ་ན་གཙང་ཆུ་དང་ སཱུན་ཀོཤ་ཆུ་ དེ་ལས་ དར་དཀར་ཆུ་དང་ མང་སྡེ་ཆུ་དང་ བུ་རི་ཆུ་ནང་ འཁྱམས་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ མོ་ཆུའི་མཐའམ་བདའ་སྟེ་ བྱ་ཕུད་རྡོག་གཅིག་ཡང་ མཐོང་ནི་མེདཔ་ཨིན་རུང་ ཕོ་ཆུ་བདའ་སྟེ་ མཐོང་དོ་ཡོདཔ་ཨིན་པས།

དུས་རྒྱུན་དུ་ བྱ་རིགས་ལྟ་མི་ ཐིམ་ཕུག་ལས་ ཡེ་ཤེས་ཚེ་རིང་གིས་ སྤྱི་ལོ་༢༠༠༡ ལུ་ ཁོ་གིས་ མོ་ཆུའི་མཐའམ་བདའ་སྟེ་ ཆུ་བྱ་ཕོཝ་དཀར་༥ མཐོང་ཡོདཔ་ཨིན་རུང་ ད་རེས་ནངས་པ་ བྱ་གཅིག་ཡང་ མི་མཐོང་པས་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༦ ལུ་ ཕོ་ཆུའི་མཐའམ་བདའ་སྟེ་ ཆུ་བྱ་ཕོཝ་དཀར་༣ མཐོང་ཡོད་རུང་ ད་རེས་ གཅིག་རྐྱངམ་གཅིག་ལས་བརྒལ་ མཐོང་ནི་མེདཔ་ད་ དེ་ཡང་ དུས་རྒྱུན་དུ་ དཀྲོགསཔ་མས་ཟེར་ཨིན་པས།

ཆུ་བྱ་ཕོཝ་དཀར་དེ་ གསལ་དྲགས་ཅིག་འབདཝ་ལས་ མི་ཊར་༡༠༠ དེ་ཅིག་ས་ཁར་ལས་ སྦོ་ལོགས་ཁར་འགྱོ་ནི་མེདཔ་ད་ ས་གནས་དེ་ནང་ བྱ་དེ་འཁྱམས་ནིའི་དོན་ལུ་དང་ ཉམས་སྲུང་འབད་ནིའི་དོན་ལུ་ མི་ཚུ་གི་ཁ་ཐུག་ལས་ རེཕ་ཊིང་པཱན་གྲུ་ གཏང་ནི་དང་ བྱེམ་དང་རྡོ་བཏོན་ནི་ དེ་ལས་ ཤིང་བཏོག་ནིའི་འཕྲུལ་ཆས་ཚུ་ ལག་ལེན་འཐབ་ནི་དང་ གཟནམ་འཚོལ་སིའི་ས་ཁོངས་ནང་ སྒར་བཅགས་ནི་ཚུ་ལས་ འཛེམ་དགོཔ་ཨིན་པས།

ཆུ་བྱ་ཕོཝ་དཀར་ཚུ་ མཐོང་ནི་མེདཔ་ འགྱོ་མི་དེ་ཡང་ གནད་དོན་གཅིག་ ད་རེས་ནངས་པར་ ལྟ་བཤལཔ་ཚུ་གིས་ པཱན་གྲུ་གཏང་ནི་དེ་གིས་ཨིནམ་ད་ མི་ཚུ་གིས་ པཱན་གྲུ་དེ་ བྱའི་ཉེ་འདབས་ལུ་ བཏང་ཞིནམ་ལས་ པར་བཏབ་ནི་དང་ སྐད་རྐྱབ་ནི་ལ་སོགས་པ་ཚུ་འབད་དེ་ བྱ་དཀྲོགས་མི་ལུ་བརྟེན་ཨིན་པས།

རྒྱལ་འཛིན་རང་བཞིན་ཉམས་སྲུང་ཚོགས་སྡེ་གིས་ སྤྱི་ལོ་༢༠༠༣ ལས་འགོ་བཟུང་སྟེ་ ཆུ་བྱ་ཕོཝ་དཀར་ ཉམས་སྲུང་འབད་ནིའི་དོན་ལུ་ ལས་འགུལ་ཚུ་འགོ་བཙུགས་ཡོདཔ་བཞིན་དུ་ བྱ་དེའི་གནས་སྟངས་དང་ ཁོང་ལུ་གདོང་ལེན་ཅན་གྱི་གནོད་ཉེན་ དེ་ལས་ འབྲུག་ལུ་ཉམས་སྲུང་གི་ཐབས་ལམ་ག་ཅི་བཟུམ་ འབད་དགོཔ་ཡོདཔ་ཨིན་ནིའི་སྐོར་ལས་ ཧ་གོ་ཡོདཔ་ཨིན་པས།

འཛམ་གླིང་ནང་ རབ་ཆད་ནིའི་ཉེན་ཁ་ཅན་གྱི་ བྱ་རིགས་ཅིག་འབདཝ་ལས་ དེའི་རང་བཞིན་གྱི་འཁྱམས་ས་ ཉམས་སྲུང་འབད་དགོཔ་དེ་ གལ་ཅན་ཅིག་ཨིནམ་མ་ཚད་ བྱ་དེ་ འབྲུག་གི་ནགས་ཚལ་དང་ གླིང་ཁའི་བཅའ་ཁྲིམས་༢༠༡༧ ཅན་མའི་ནང་ ཉེན་སྲུང་འབད་དགོ་པའི་ རིགས་ཅིག་སྦེ་ ཚུད་ཡོདཔ་ཨིན་པས།

ད་རེས་ཀྱི་དུས་ལུ་ གློག་མེ་ལས་འགུལ་ཚུ་ བྱ་ཉམས་སྲུང་འབད་ནི་ལུ་ དཀའ་ངལ་བྱིན་དོ་ཡོད་པའི་ཁར་ ཆུའི་མཐའམ་བདའ་སྟེ་ སྣུམ་འཁོར་ལམ་དང་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་མི་དང་ དཔལ་འབྱོར་གོང་འཕེལ་གྱི་ལས་སྣ་དང་ གཞི་ཆགས་ཚུ་ལུ་བརྟེན་ བྱ་དེ་འཁྱམས་ས་མེདཔ་བཟོཝ་ཨིན་པས།

སྤྱི་ལོ་༢༠༡༧ དང་༢༠༡༨ ལོའི་ བརྟག་ཞིབ་དང་འཁྲིལཝ་ད་ འཛམ་གླིང་ནང་ ཆུ་བྱ་ཕོཝ་དཀར་༦༠ མ་ལངམ་ཅིག་ཡོདཔ་ད་ འབྲུག་རྒྱལ་ཁབ་རྐྱངམ་གཅིག་ལུ་ར་ ཆུ་བྱ་ཕོཝ་དཀར་༢༤ དང་ དུས་ཅི་ཟླ་༦ པའི་ནང་ ཕྱུ་གུ་༥ ཐེབས་མཐོང་ཡོདཔ་བཞིན་དུ་ འཛམ་གླིང་ནང་ ཆུ་བྱ་ཕོཝ་དཀར་ཡོངས་བསྡོམས་ལས་ བརྒྱ་ཆ་༥༠ འབྲུག་ལུ་ཡོདཔ་ཨིན་པས།

རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ བཀོད་ཁྱབ་མདོ་ཆེན་ མཁས་དབང་ཀུན་ལེགས་བསྟན་འཛིན་གྱིས་ སླབ་མིའི་ནང་ ཆུ་བྱ་ཕོཝ་དཀར་དེ་ གཙང་ཆུའི་སྐྱེ་ལྡན་གནས་སྟངས་རིམ་ལུགས་ ལེགས་ཤོམ་ཡོད་མི་དང་ དེའི་མཐའ་འཁོར་བར་ནའི་ འབྲེལ་འཐབ་བཟུམ་ཅིག་ཨིནམ་ད་ བྱ་དེ་འཁྱམས་སིའི་ས་ཁོངས་ནང་ གྱངས་ཁ་མར་བབས་འགྱོ་མི་དེ་གིས་ གཙང་ཆུའི་སྐྱེ་ལྡན་གནས་སྟངས་རིམ་ལུགས་དང་ མཐའ་འཁོར་ལེགས་ཤོམ་མེད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ བྱ་དེ་རབས་ཆད་འགྱོ་བ་ཅིན་ གཙང་ཆུ་དང་མཐའ་འཁོར་གྱི་ སྐྱེ་ལྡན་གནས་སྟངས་ཡང་ ཉམས་འགྱོ་ནི་ཨིནམ་ཧ་གོ་དགོཔ་ལས་ ས་གནས་དེའི་ཉེ་འདབས་ལུ་ཡོད་པའི་ མི་ཚུ་ལུ་ཡང་ གནོད་པ་འབྱུང་ནི་ཨིནམ་ལས་ བྱ་དེ་ ཉམས་སྲུང་འབད་ནི་རྐྱངམ་གཅིག་མེན་པར་ མཐའན་མཇུག་ཁར་ ང་བཅས་ར་ལུ་ གནོད་པ་མི་འབྱུང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མཐའ་འཁོར་དང་འབྲེལ་བའི་ དཀའ་ངལ་བསལ་ནི་དེ་ སྲིད་བྱུས་ཐོག་ལས་རྐྱངམ་གཅིག་མེན་པར་ ང་བཅས་ག་རའི་ འགན་ཁུར་ཨིནམ་བཞིན་དུ་ འབྲུག་མི་ཡོངས་དང་ ལྷག་པར་དུ་ ཆུ་བྱ་ཕོཝ་དཀར་འཁྱམས་སའི་ ཉེ་འདབས་ལུ་ སྡོད་མི་ཚུ་གིས་ འགན་ཁུར་འབག་པ་ཅིན་ ཕན་ནུས་སྦོམ་འབྱུང་འོང་ཟེར་ཨིན་པས།

ཨེས་པོར་བྷུ་ཊཱན་ལས་ དཀོན་མཆོག་གིས་ སླབ་མིའི་ནང་ ཁོང་གི་ པཱན་གྲུ་དེ་ ཕོ་ཆུ་ནང་ལུ་ གཏང་དོ་ཡོདཔ་ཨིན་རུང་ ཆུ་བྱ་ཕོཝ་དཀར་འཁྱམས་སའི་སྐོར་ལས་ བརྡ་བྱང་ཅིག་ཡོདཔ་ལས་ ཁོང་གི་ཁ་ཐུག་ལས་ བྱ་དེའི་ཉེ་འདབས་ལུ་སྡོད་དེ་ པར་བཏབ་ནི་དང་དཀྲོགས་ནི་ཚུ་ འབད་ནི་མེད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མོ་ཆུ་ནང་བཟུམ་སྦེ་ ཕོ་ཆུ་ནང་ཡང་ པཱན་གྲུ་གཏང་ནི་མེད་ཟེར་ཨིནམ་ད་ གལ་སྲིད་ ལྟ་བཤལ་པའི་ཁ་ཐུག་ལས་ ཕོ་ཆུ་ནང་གཏང་ནིའི་ བློ་འདོད་བསྐྱེད་པ་ཅིན་རྐྱངམ་གཅིག་ གཏང་དོ་ཟེར་ཨིནམ་ད་ ད་ལྟོ་ཚུན་ པཱན་གྲུ་གཏང་མི་ཚུ་ལུ་ ཆུ་བྱ་ཕོཝ་དཀར་གྱི་སྐོར་ལས་ གོ་བརྡའི་ལས་རིམ་ཚུ་ཡང་ འགོ་འདྲེན་མ་འཐབ་ཟེར་ཨིན་པས།

པཱན་གྲུའི་ལས་སྡེ་ཅིག་གིས་ སླབ་མིའི་ནང་ ཁོ་གིས་ ཕོ་ཆུ་ནང་ དུས་རྒྱུན་དུ་ པཱན་གྲུ་གཏང་ནི་མེད་ཟེར་ཨིནམ་ད་ ད་རུང་ ཁོ་གིས་ ཆུ་བྱ་ཕོཝ་དཀར་དེ་ ལོ་༤ དེ་ཅིག་ མ་མཐོང་ཟེར་ཨིནམ་མ་ཚད་ ད་རུང་ བྱ་ཅིག་གི་དོན་ལུ་ ཁོང་ལཱ་མ་འབད་བར་སྡོད་ནི་ཨིན་ན་ཟེར་ཡང་ བཤད་ཡོདཔ་ཨིན་པས།

སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ ནགས་ཚལ་དང་གླིང་ཁ་ལས་ཁུངས་ཀྱིས་ ནགས་ཚལ་དང་གླིང་ཁའི་བཅའ་ཁྲིམས་༡༩༩༥ ཅན་མིའི་ནང་ ཆུ་དེ་ཡང་ ནགས་ཚལ་གྱི་ གྲས་ཁར་ཚུད་ཡོདཔ་ལས་ དེ་དང་འཁྲིལ་བ་ཅིན་ གཙང་ཆུ་ནང་ པཱན་གྲུ་གཏང་ནིའི་དོན་ལུ་ ཉོགས་མེད་ལག་ཁྱེར་དགོ་ནི་ཨིན་རུང་ ད་ལྟོ་ པཱན་གྲུ་གཏང་མི་ཚུ་ལུ་ ནགས་ཚལ་ལས་ ཉོགས་མེད་ལག་ཁྱེར་མ་ལེནམ་ཨིན་པས།

རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ཁ་ཐུག་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཆུ་བྱ་ཕོཝ་དཀར་དེ་ རྒྱལ་སྤྱི་ནང་ལུ་རབ་ཆད་ནིའི་ཉེན་ཁ་ཡོད་པའི་ བྱ་རིགས་ཅིག་ཨིནམ་ལས་ ཉམས་སྲུང་འབད་ནིའི་ཐབས་ལམ་བཏོན་ནི་དང་ རབ་འབྱུང་པ་ཅིན་ པཱན་གྲུ་གཏང་ནི་ལས་ བཀག་ཆ་འབད་ནི་དང་ དེ་མེན་པ་ཅིན་ དུས་ཚོད་གཏན་འཁེལ་བཟོ་ནིའི་ རེ་བ་བསྐྱེདཔ་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *