༉ སྤྱི་ཟླ་༤ པའི་ཚེས་༢༥ ལུ་ སྤུ་ན་ཁ་རྫོང་གི་ཉེ་འདབས་ ཐང་བཟང་ནང་སྦེ་ འགོ་འདྲེན་འཐབ་མི་ འབྲུག་རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་ཐེངས་༤ པའི་ འགོ་འབྱེད་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་༤ པ་ མི་དབང་རྒྱལ་བཙུན་ དེ་ལས་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ གྲལ་གཏོགས་གནང་ཡི།
དུས་ཅི་གི་ མེ་ཏོག་འགྲེམ་སྟོན་དེ་ རྒྱ་འབྲུག་༢ ཀྱི་བར་ན་ དོན་གཅོད་མཐུན་ལམ་གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ནིའི་དོན་ལུ་ཨིནམ་ད་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ཀྱིས་ཡང་ མེ་ཏོག་འགྲེམ་སྟོན་ འགོ་འབྱེད་གནང་སར་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མེ་ཏོག་འགྲེམ་སྟོན་ནང་ ཐིམ་ཕུག་ལུ་ཡོད་མི་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ཡིག་ཚང་གིས་ བཟོ་སྟེ་ཡོད་མི་ མེ་ཏོག་ལྡུམ་ར་ཚུ་ཡང་ ཡོདཔ་ཨིན་པས།
འབྲུག་གི་བློན་ཆེན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ དེ་ལས་ ཕྱི་རྒྱལ་གྱི་འགོ་དཔོན་ཚུ་གིས་ཡང་ མེ་ཏོག་འགྲེམ་སྟོན་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།

མེ་ཏོག་འགྲེམ་སྟོན་དེ་ ཐང་བཟང་ནང་ ས་ཆ་ཨེ་ཀར་༩.༥ ནང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གཞུང་གི་ངོ་ཚབ་ལས་སྡེ་དང་ ཚོང་ལསཔ་ དེ་ལས་ རྒྱ་གར་དང་ ཐའི་ལེནཌི་ལས་ བཅའ་མར་གཏོགས་མི་ཚུ་གིས་ བརྗོད་དོན་བཀོད་ཡོད་པའི་ མེ་ཏོག་ལྡུམ་ར་ཚུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
གནམ་བྱཱར་ སྤུ་ན་ཁ་ལུ་སྡོད་མི་ གཞུང་གྲྭ་ཚང་གི་ དགེ་སློང་ཚུ་གིས་ཡང་ སྤུ་ན་ཁ་སློབ་གྲྭ་ལྟེ་བ་དང་ ཨྱོན་རིག་པའི་འབྱུང་གནས་དང་གཅིག་ཁར་ མེ་ཏོག་འགྲེམ་སྟོན་ནང་ བཅའ་མར་གཏོགས་ཡོདཔ་ད་ ཁོང་གིས་དེ་བཟུམ་སྦེ་ བཅའ་མར་གཏོགས་མི་དེ་ འགོ་དང་པ་ཨིན་པས།།
བརྗོད་དོན་ཐོག་ལས་ བཟོ་སྐྲུན་འབད་དེ་ཡོད་མི་ ལྡུམ་ར་ཚུ་ འགྲེམ་སྟོན་མཇུག་བསྡུ་བའི་ཤུལ་ལས་ ས་གནས་དེ་ཁར་ར་ རང་འཇགས་བཞག་ནི་ཨིན་པས།
སྤུ་ན་ཁ་རྫོང་གི་མཐའ་འཁོར་ལུ་ སའི་ཆགས་ཚུལ་གྱི་ འཆར་གཞི་ཚུ་ཡང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ལམ་སྲོལ་ལས་ཁུངས་དང་ སྤུ་ན་ཁ་རྫོང་ཁག་བདག་སྐྱོང་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ གོང་འཕེལ་བཏང་ཡོདཔ་ཨིན་པས།
རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་ལས་རིམ་དེ་ ངོ་ཚབ་ལས་སྡེ་དང་ ཚོང་ལསཔ་ རྒྱལ་སྤྱིའི་བཅའ་མར་གཏོགས་མི་ ཐའི་ལེནཌི་གི་ རྒྱབ་སྐྱོར་ཐོག་ལས་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ འཛིན་སྐྱོང་འཐབ་ཡོདཔ་ཨིན་པས།
རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་ལས་རིམ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནང་མི་དང་བསྟུན་ འགོ་བཙུགས་ནུག།
དེ་སྦེ་ འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་དེ་ཡང་ རྒྱལ་ཁབ་ཀྱི་ མི་མང་ཡོངས་ གཅིག་ཁར་སྤུངས་འཛོམས་འབད་ཚུགས་པའི་ གོ་སྐབས་བཟང་པོ་ཅིག་དང་ མི་མང་གི་ས་ཁོངས་ཚུ་ མཛེས་ཆ་དང་ལྡནམ་སྦེ་བཟོ་ནི་ མེ་ཏོག་ལུ་གཙོ་བོར་བཏོན་མི་ ཚོང་པ་ཚུ་ ཁོང་རའི་མེ་ཏོག་ཚུ་ གསལ་སྟོན་འབད་ཚུགས་པའི་ གོ་སྐབས་འཐོབ་ནིའི་དོན་ལུ་ཨིན་པས།
འབྲུག་རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་ འགོ་དང་པ་དེ་ སྤྱི་ལོ་༢༠༡༥ གི་ ཟླཝ་༤ པའི་ནང་ སྤ་རོ་ཨྱོན་དཔལ་རི་ཕོ་བྲང་ནང་སྦེ་ འགོ་འདྲེན་འཐབ་ནུག།
མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་ འབྲུག་རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་གྱི་ སྐྱབས་འཛིན་ཨིནམ་ལས་ ལོ་བསྟར་བཞིན་དུ་ མེ་ཏོག་འགྲེམ་སྟོན་ འགོ་འདྲེན་འཐབ་པའི་སྐབས་ མི་དབང་རྒྱལ་ཡུམ་མཆོག་གིས་ཡང་ ཕྱག་ལཱ་ཚུ་ མཛད་གནངམ་ཨིན་པས།
དེ་ཚེ་དྲོ་པ་ མི་དབང་འབྲུག་རྒྱལ་༤ པ་མཆོག་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ ཞབས་དྲུང་སྐུ་མཆོད་ བརྩི་སྲུང་ཞུ་ནིའི་དོན་ལུ་ སྤུ་ན་ཁ་རྫོང་ཁག་ནང་ ཐུགས་སྨོན་གནང་ཡོདཔ་ ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།